R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠བ
[A:༥༠བ]པ་རང་གི་ཕྱག་ལེན་སྣང་གསུམ་ཁྲིད་ཀྱི་རྗེས་དབང་བསྐུར་ཏེ། དེ་ནས་སྔགས་ལམ་གྱི་ཁྲིད་སྟོན་པར་མཛད་པ་འདི་གྲྭ་སྟོན་ཞུས་ལན་གྱི་ལུང་གིས་སྒྲུབ་པར་མཛད་པས། དེང་སང་རྫོང་ཕྱོགས་པ་དག་གིས་ཕྱག་ལེན་གྱི་རིམ་པ་འདི་འགོག་རྒྱུ་ག་ལ་ཡིན། དེས་ན་རྫོང་ཕྱོགས་པའི་རིགས་ཅན་ཁ་ཅིག་གིས་རང་གི་ཕྱག་ལེན་ཙམ་མཐོང་བའི་རྒྱུ་མཚན་གྱིས་སྣང་གསུམ་སྔོན་དུ་དབང་བསྐུར་ངེས་པར་བྱེད་ཟེར་བ་དེ་འདྲའང་གྲྭ་སྟོན་ཞུས་ལན་དང་དངོས་སུ་འགལ་བས་སྒྲོ་འདོགས་ཀྱི་མཐར་ལྷུང་། ངོར་ཕྱོགས་ཀྱི་མ་གོ་བ་འགའ་ཞིག་གིས་ཀྱང་སྣང་གསུམ་སྔོན་དུ་དབང་བསྐུར་བ་གཏན་ནས་མི་འཐད་ཟེར་བའང་གཞན་ལ་སྐུར་འདེབས་ཀྱི་མཐར་ལྷུང་ཞིང་། ཇོ་ལྕགས་མ་ལས་རྣལ་འབྱོར་པ་ལ། ཏིང་ངེ་འཛིན་ལ། ཞེས་སོགས་ཀྱི་རྣལ་འབྱོར་པ་དེ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་གསུངས་འདུག་པ་ལ་ཇི་ལྟར་འཆད། སོ་སོ་ནས་མི་ཤེས་པ་དག་གིས་རང་ཉིད་གང་ལ་ཞེན་པའི་ཕྱོགས་བཟུང་ནས་གསུང་རབ་རང་བཟོར་བཀྲལ་བ་འདི་ཉེས་པ་ཆེ་བས་ཕྱོགས་འཛིན་ཨ་འཐས་ཀྱི་ལས་བསོག་པ་མི་རིགས་སོ་ཞེས་གསུངས་པ་ཡིན་ནོ། །གསུམ་པ་སྟ་གོན་ལ་འབྲེལ་བ་ཡོད་མེད་ཀྱི་རྣམ་གཞག་ནི། མུས་སྲད་པ་ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱིས། སྟ་གོན་འབྲེལ་བ་མེད་པ་དང་། །ཞེས་པའི་རྒྱས་བཤད་དུ། སློབ་མ་སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་ཐོག་མའི་དབང་བསྐུར་ཚར་གཅིག་པོ་དེ་རིགས་མོད། དེའི་རྗེས་སུ་དཀྱིལ་འཁོར་གཅིག་པོ་དེ་ཉིད་ཀྱི་སྟེང་ནས་ཉིན་རེ་བཞིན་སྟ་གོན་སྔ་མའི་དངོས་གཞི་རེ་དང་། དངོས་གཞི་རྟིང་མའི་སྟ་གོན་རེ་སྤེལ་ནས་ཞུ་མཁན་མ་རྫོགས་ཀྱི་བར་དུ་བྱེད་