R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༡བ
[A:༥༡བ]བའི་རྐང་གྲངས་རགས་པ་ཙམ་བརྗོད་ན། དངོས་བསྟན་རྩོད་ཕྲེང་སོ་སོའི་ལན་དང་། ཞེ་འདོད་དགོངས་པའི་ལན་དཔྱིས་ཕྱིན་པ་དང་གཉིས་སུ་མཛད་ནས། དང་པོ་ལའང་རྩ་བའི་གཏན་ཚིགས་མ་ངེས་པ་དང་། དེ་སྒྲུབ་བྱེད་ཀྱི་རིགས་པ་མཐའ་མ་ཆོད་པ་གཉིས་སུ་མཛད་ནས། དང་པོ་ལ་འོ་ན་སྨིན་བྱེད་ཀྱི་དཀྱིལ་འཁོར་གཅིག་ལ་ལྷ་སྟ་གོན་གཅིག་ལས་མེད་ཅིང་། གཅིག་པོ་དེ་སློབ་མ་གྲལ་གོང་མ་དེའི་སྟ་གོན་དང་འབྲེལ་ལ། གྲལ་འོག་མ་རྣམས་ཀྱིས་སྟ་གོན་ལ་འབྲེལ་ཡུལ་གྱི་ལྷ་སྟ་གོན་མེད་པས་ན་དཀྱིལ་འཁོར་གཅིག་ཏུ་སློབ་མ་གཅིག་ལས་ལྷག་པ་ལ་སྨིན་བྱེད་མི་རུང་བར་འགྱུར་ལ། གལ་ཏེ་ལྷ་སྟ་གོན་གཅིག་པུ་དེ་སློབ་མ་གྲལ་འོག་མ་རྣམས་ཀྱི་སྟ་གོན་དང་ཡང་འབྲེལ་ཟེར་ན། དབང་ཚར་རྟིང་མ་རྣམས་ཀྱི་སློབ་མ་སྟ་གོན་ཡང་ལྷ་སྟ་གོན་གཅིག་པུ་དེ་དང་འབྲེལ་བར་མཚུངས་པས་སྟ་གོན་གཅིག་པུ་ཇི་སྲིད་གནས་ཀྱི་བར་དུ་དཀྱིལ་འཁོར་ཡོངས་རྫོགས་གནས། དེ་གནས་པ་དེ་སྲིད་དུ་སློབ་མ་སྟ་གོན་གྱི་སྣོད་དུ་རུང་བ་སྟོང་ཙམ་བྱུང་ཡང་སྨིན་དུ་རུང་ངོ་། ཡང་ཁྱེད་ཀྱི་ཞེ་འདོད་དབང་ཚར་རྟིང་མ་རྣམས་ལ་སློབ་མ་སྟ་གོན་གཞི་མ་གྲུབ་ཟེར་བར་སོང་བ། དེ་ནི་ལེགས་པར་གྲུབ་པས་ན་རྩ་བའི་གཏན་ཚིགས་དེ་ལ་འགལ་མ་ངེས་མ་གྲུབ་པའི་སྐྱོན་གསུམ་ཀར་ཚང་བས་ལྟར་སྣང་ཡིན་པར་གསུངས། གཉིས་པ་སྒྲུབ་བྱེད་ཀྱི་རིགས་པ་མཐའ་མ་ཆོད་པ་ལ་རྩ་བའི་གཏན་ཚིགས་དེའི་རྟགས་ཆོས་ཀྱི་འབྲེལ་པ་ནི་ལྷ་སྟ་གོན་གཅིག་ལས་མེད་ན་སློབ་མ་སྟ་གོན་ཡང་གཅིག་ལས་མི་རུང་ཞེས་པ་དང་། ལྷ་སྟ་གོན་གཅིག་ལས་མེད་པས་གཅིག་པུ་དེ་སློབ་མ་སྟ་གོན་དང་པོ་ལ་འབྲེལ་ནས་རྫོགས་པས་ན། ཚར་རྟིང་མ་རྣམས་