R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢ན
[A:༥༢ན]ལ་ལྷ་སྟ་གོན་དང་འབྲེལ་བ་མེད་ཅེས་པ་དང་། ལྷ་སྟ་གོན་ཞིག་བསྐྱར་ནས་བྱེད་ན་སློབ་མ་སྟ་གོན་འབྲེལ་པ་སྲིད་ཀྱང་དེ་མེད་ཅེས་པ་དང་། སྔ་མ་གནས་པས་བསྐྱར་མི་དགོས་ན་ཧ་ཅང་ཐལ་ཆེས་པ་རྣམས་སུ་སོང་བས། དང་པོ་ལ་འོ་ན་སློབ་མ་ཉེར་ལྔ་པོ་རེ་རེ་ལ་སྟ་གོན་རེ་རེ་ཏེ་ཉེར་ལྔ་ཡོད་པས་ལྷ་སྟ་གོན་ཡང་ཉེར་ལྔ་ཡོད་དགོས་པར་འགྱུར། དེ་མི་དགོས་ན་འབྲེལ་ཟླ་དང་འབྲེལ་ཡུལ་གྲངས་མཉམ་དགོས་པ་དང་འགལ་ལོ། །སྟ་གོན་སྔ་མ་གནས་པ་དེ་ལ་རྟིང་མ་བསྐྱར་དགོས་སམ་མི་དགོས། དགོས་ན་སློབ་མ་སྟ་གོན་རྟིང་མ་དེ་ལྷ་སྟ་གོན་རྟིང་མ་དང་འབྲེལ་བས་སྟ་གོན་འབྲེལ་པ་ཡོད་པར་འགྱུར། བསྐྱར་མི་དགོས་ན་སྒྲུབ་མཆོད་ཕྱི་མ་རྣམས་ཀྱང་བསྐྱར་མི་དགོས་པར་འགྱུར་ཏེ་སྔ་མ་གནས་པའི་ཕྱིར་རོ། །དེས་ན་དངོས་ལན་ནི། དབང་ཚར་རྟིང་མ་རྣམས་བྱེད་པའི་ཚེ་ལྷ་སྟ་གོན་གནས་པས་བསྐྱར་མི་དགོས་ཤིང་། དགོས་ཀྱང་སྐྱོར་ཐབས་མེད་པ་མ་ཡིན་ཏེ། སྒྲུབ་མཆོད་དང་པོའི་དུས་སུ་སྟ་གོན་གྱི་ལྷ་ནམ་མཁར་བཏེག་པ་དེ་ཇི་སྲིད་ཀྱི་བར་ནམ་མཁར་བཞག་ནས་སྐབས་སུ་བབས་པ་རེ་རེའི་ཚེ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དཀྱིལ་འཁོར་ལ་བཅུག་ཆོག་པའི་ཕྱིར། གཞན་དུ་ན་རང་བཞིན་གྱི་གནས་ནས་འདིར་སྤྱན་དྲངས་པའི་ཚེ་གནས་དེ་ན་ལྷ་མེད་པར་འགྱུར་རོ་གསུངས། གཉིས་པ་ཞེ་འདོད་དགོངས་པའི་ལན་དཔྱིས་ཕྱིན་པ་ལ་རྒོལ་བ་པོའི་བསམ་པ་བླངས་ནས་ཉེས་པ་དེ་རང་ལ་མེད་ཅིང་གཞན་ལ་ཡོད་པ་དང་། རྒོལ་བ་པོ་ཉེས་པ་དང་བཅས་པར་བསྟན་པ་དག་ཏུ་མཛད་ནས། དང་པོ་ལ། རྒོལ་བ་པོ་ལྟར་ན་སློབ་མ་རྗེས་འཛིན་ཉེར་ལྔ་ལ་བྱས་པ་དེ་དག་