R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩བ
[A:༥༩བ]མཆོད་པ་བྱས་ཏེ་སྔོན་དུ་སྟ་གོན་གྲུབ་པ་རྣམས་ལ་དབང་བསྐུར། གཞན་སློབ་མ་ཉེར་ལྔ་པ་ཞིག་སྟ་གོན་བྱེད་པ་སོགས་སློབ་མ་ཇི་ཙམ་ཡོད་པ་མ་རྫོགས་ཀྱི་བར་དུ་དངོས་གཞི་རེ་དང་། སློབ་མ་སྟ་གོན་རེ་སྤེལ་ནས་བྱས་པས་མི་རུང་བ་མ་ཡིན་ཏེ། ལྷ་སྟ་གོན་སོགས་ཀྱི་དགོས་པ་དེ་དག་སྟ་གོན་གཅིག་པུ་དེས་གྲུབ་པས་གཞན་དགོས་པ་ལྷག་པོ་མེད་ཅིང་། དབང་རེ་ལ་ལྷ་སྟ་གོན་རེ་ངེས་པར་དགོས་པའི་དམིགས་བསལ་ཡང་མེད་ལ། དེས་ན་སྤྱིར་བཏང་སྨིན་བྱེད་རེ་ལ་ཆོ་ག་བརྒྱད་ཅར་ཚང་བ་ཞིག་བྱུང་ན་ལེགས་པ་ཡིན་ཀྱང་། དམིགས་བསལ་རྗེས་བཟུང་མ་བྱས་པའི་སློབ་མ་ལ་སློབ་མ་སྟ་གོན་དང་དབང་བསྐུར་ཆོག་པ་ནི། སློབ་མ་ཡོངས་སུ་བཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །ཞེས་སོགས་ཀྱིས་བསྟན་པའི་དེ་དང་འདྲ་བས་སོ། །སློབ་མ་སྟ་གོན་ལ་ནི་མི་མཚུངས་ཏེ་སློབ་མ་སྟ་གོན་ལ་མེད་པ་ལ་དབང་གི་དངོས་གཞི་མི་བྱ་བར་དམིགས་བསལ་དུ་གསུངས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སྟ་གོན་གནས་པར་བྱས་པ་ལ། །གལ་ཏེ་འོང་བར་མ་གྱུར་ན། །བླ་མ་བློ་ལྡན་མཁས་པ་ཡིས། །དེར་ནི་སློབ་མ་གཞན་མི་བཟུང་། །ཞེས་པ་འདིས་སོ། །རྒྱུ་མཚན་དེས་ན་སྤྱིར་གསུང་རབ་འཆད་པ་དང་། ལག་ལེན་ཆོ་གའི་རྣམ་གཞག་སོགས་ལ་སྤྱིར་བཏང་རེ་དང་། དམིགས་བསལ་གྱི་རྣམ་དབྱེ་རེ་མཆོག་ཏུ་གཅེས་ཏེ། མཁྱེན་རབ་དབང་ཕྱུག་ས་སྐྱ་པཎྜི་ཏས། སྤྱིར་བཏང་བ་ལ་དམིགས་ཀྱི་བསལ། །བསྟན་བཅོས་ཀུན་ལ་མཁོ་བ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་གཉིས་ཀྱི་ནང་ནས་སྤྱིར་བཏང་དེ་བྱ་བའི་ནུས་པ་ཡོད་བཞིན་དུ་དམིགས་བསལ་དེ་བྱར་མི་རུང་། སྤྱིར་བཏང་དེ་བྱ་མི་ནུས་པ་ལ་