R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༠ན
[A:༦༠ན]དམིགས་བསལ་དེ་བྱས་པས་ཕན་ཡོན་ཆེན་པོ་ཡོད་ན་དམིགས་བསལ་དེ་ངེས་པར་བྱ་རིགས་ཏེ། ཆོས་རྗེས། དགག་བྱ་དང་ནི་དགོས་པ་གཉིས། །གཙོ་བོ་གང་ཆེའི་ལུགས་སུ་ཐོངས། །ཞེས་གསུངས་པས་སོ། དེས་ན་སློབ་མ་བརྒྱ་སྟོང་ལས་བརྒལ་བ་སོགས་རབ་ཏུ་མང་པོ་དག་ཚོགས་པའི་ཚེ་ངོར་པའི་ཕྱག་ལེན་འདི་མ་མཛད་པར་སློབ་མ་ཉེར་ལྔ་པ་རེ་ལ་ཆོ་ག་ཡོངས་སུ་རྫོགས་པ་རེ་རེ་སྨིན་བྱེད་ཚར་རེ་ལ་སྦྱར་ནས་བྱས་ན་ལོ་དང་ཟླ་བ་སོགས་ཡུན་རིང་པོའི་བར་མི་རྫོགས་ཤིང་། དེ་མ་རྫོགས་ན་སློབ་མ་རྗེས་མ་རྣམས་ལ་དབང་བསྐུར་བའི་སྔོན་ལ་ཚེའི་བར་ཆད་དང་། གཞན་ཡང་རྐྱེན་འགའ་ཞིག་གིས་ཕྱོགས་གཞན་དུ་འགྲོ་དགོས་པ་སོགས་དབང་ཐོབ་པའི་གེགས་སུ་འགྱུར་བ་སོགས་ཡོད་པས་ན་སྟ་གོན་འབྲེལ་པ་མེད་པའི་དགག་བྱ་ལས་དགོས་པ་དེ་གཙོ་ཆེ་བས་སོ་སྙམ་ལ། གཞན་ཡང་ངོར་རྫོང་གི་མཁས་པ་དེ་དག་གི་གསུང་ལ་རྣམ་དབྱེ་ཕྱེ་རྒྱུ་འགའ་རེ་སྣང་ཞིང་། ཁྱད་པར་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་བསྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་པ་དང་། སློབ་མ་ལ་དབང་བསྐུར་བ་གསུམ་ལ་ཆོ་ག་རིགས་མི་མཐུན་གཞན་གྱིས་བར་མ་ཆོད་པ་དགོས་གསུངས་པ་ལ། སྒྱི་ཆུ་བ་བུདྡྷ་ཤྲཱིའི་དབང་ཆུ་ཆེན་མོའི་ལུང་དྲངས་ནས་དེ་དང་འགལ་གསུངས་ཀྱང་། རྒྱས་པའི་སྦྱིན་སྲེག་དང་རབ་གནས་སོགས་སྐབས་དེར་བྱེད་ན་ཀྱེ་རྡོར་ལ་མ་བརྟེན་པ་ནི་མི་རུང་ལ། ཀྱེ་རྡོར་ལ་བརྟེན་པ་ནི་ཀྱེ་རྡོར་གྱི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཆོ་ག་དང་རིགས་མཐུན་ཡིན་ཞིང་། ཁྱད་པར་རབ་གནས་བཟང་པོ་དྲུག་པ་ནི་ཀྱེ་རྡོར་གྱི་རྒྱུད་ཀྱི་བཤད་ཚུལ་རང་ཡིན་པར་གསུངས་