R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩ན
[A:༥༩ན]པས་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ཀྱི་དབང་མང་པོ་མི་རུང་བའི་དོན་མེད་ཅེས་པར་སྣང་ཞིང་ཕྱག་ལེན་ཀྱང་མཛད་པ་འདི་ཡིན་ལ། རང་གི་བསམ་ཚོད་ནི་སློབ་མ་སྨིན་བྱེད་ལ་ཕྱག་ལེན་དོག་པ་དང་ཆོ་ག་རྒྱས་པའི་དབང་དུ་བྱས་ན་དབང་རེ་ལ་དབང་གི་མངོན་པར་རྟོགས་པ་བརྒྱད་ཅར་ཚང་བ་རེ་ཐུབ་ན་ཤིན་ཏུ་ལེགས་ཏེ་དེ་དག་སྨིན་བྱེད་ལ་དགོས་པའི་ཆོ་ག་ཡོངས་སུ་རྫོགས་པ་གཅིག་ཡིན་པས་སོ། །ཅི་སྟེ་དབང་རེ་ལ་ཆོ་ག་བརྒྱད་པོ་དེ་ཡོངས་རྫོགས་རེ་བྱས་ནས་བསྐུར་བ་དང་། སྟ་གོན་སོགས་སྔོན་དུ་བྱས་པའི་དེ་དག་གིས་གོ་ཆོད་པར་བྱས། སླར་དཀྱིལ་འཁོར་སྒྲུབ་པ་མན་ཆད་ཙམ་རེ་བྱས་ནས་དབང་བསྐུར་བ་གཉིས་ལ་ཕན་ཡོན་གྱི་ཁྱད་པར་གང་ཡང་མེད་ན། དེང་སང་གི་རྡོ་རྗེ་སློབ་དཔོན་ཕྲིན་ལས་ཤིན་ཏུ་ཆེ་བ་རྣམས་ཀྱིས་སྐུ་ཚེའི་སྟོད་ལ་ལྷ་སྟ་གོན་སོགས་ལན་གཅིག་བྱས་ཏེ་སྐུ་ཚེ་ཧྲིལ་པོའི་སྟ་གོན་གོ་ཆོད་པར་བྱས་ནས་སླར་དངོས་གཞི་སྒྲུབ་མཆོད་ནས་བཟུང་སྟེ་ཆོ་ག་དག་བྱས་ཏེ་དབང་བསྐུར་བྱ་རིགས་པར་འགྱུར་ཞེས་རྫོང་ལུགས་པ་དག་གསུང་བ་འདིའང་ཅུང་ཟད་འཇུག་པར་སྣང་སྟེ་ཕན་ཡོན་ནམ་དགོས་ནུས་ལྷག་པོ་མེད་པ་མཉམ་པོ་ལ་ཅིག་ཤོས་ཆོ་ག་ཟོར་ཡང་བས་སོ། །ཡང་ཕྱག་ལེན་ཡངས་ཕྱོགས་དང་ཆོ་ག་ཟོར་ཡང་པའི་དབང་དུ་བྱས་ན་སློབ་མ་མང་པོ་ལ་དབང་བསྐུར་བྱེད་པའི་ཚེ་བསྙེན་པ་ཁ་གསོ་དང་རྗེས་བཟུང་ས་ཆོག་སོགས་སྔོན་དུ་སོང་པའམ་མ་སོང་ཡང་རུང་། ནུབ་དང་པོ་ལ་བདག་བསྐྱེད་ཟིན་ནས་ས་ལྷ་སོགས་སྟ་གོན་གསུམ་བྱས། དེ་ཉིད་དང་འབྲེལ་བར་སློབ་མ་ཉེར་ལྔ་ལ་སྟ་གོན་བྱས། སང་ཉིན་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ཏེ་སྒྲུབ་ཅིང་