R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༤བ
[A:༦༤བ]གིས་རེ་རེ་ནས་དབང་སྟེགས་ལ་འགོད་པར་ནུས་ཀྱང་། འཕྲིན་ལས་རླབས་པོ་ཆེ་དག་ལ་དགོས་པ་གཞན་དུ་མ་འབྱུང་ངོ་གསུངས། གསུམ་པ་ལ། བོད་འདིར་ཐུན་མོང་གི་དབང་དྲུག་པོ་ཙམ་ཐོབ་པ་རྣམས་ཀྱིས་བླ་མེད་ཀྱི་རྒྱུད་མཐའ་དག་ཉན་རུང་པས། སློབ་དཔོན་གྱི་དབང་གི་སྣོད་དུའང་རུང་། འོ་ན་བླ་མེད་ཀྱི་རྒྱུད་ཉན་པ་ལ་སློབ་དཔོན་གྱི་དབང་མི་དགོས་སམ་ཞེ་ན། བླ་མེད་རིགས་དྲུག་གི་རྒྱུད་དངོས་སུ་ཉན་པ་དང་ལྟ་བ་ལ་ལྷ་དང་དཀྱིལ་འཁོར་སོགས་ཀྱི་དེ་ཁོ་ན་ཉིད་ཤེས་དགོས། དེས་ན་འཕགས་ཡུལ་ལྟ་བུ་ན་རྒྱུད་སྡེ་བཞིའི་གདུལ་བྱ་སོ་སོར་ངེས་པ་དང་། བླ་མེད་ཀྱི་གདུལ་བྱ་ལའང་དབང་གོང་མ་དོན་དུ་གཉེར་མི་གཉེར་སོ་སོར་ངེས་པ་ཡོད་པས། དེ་དག་ལ་དཀྱིལ་འཁོར་ལ་འཇུག་པ་ཙམ་དང་། སློབ་མའི་དབང་ཙམ་དང་། བུམ་དབང་ཙམ་བསྐུར་ནས་འགྱེས་མི་འགྱེས་ཀྱི་དབྱེ་བ་ཡོད་ཀྱི། རྡོ་རྗེའི་རིགས་ཅན་གཅིག་ཏུ་གྱུར་པ་ལ་དེ་ལྟར་མེད་དོ། །དེའི་ཚེ་རེ་རེ་ནས་བྱས་པའི་དགོས་པ་དབང་སྟེགས་ཀྱི་དཀྱིལ་འཁོར་གཅིག་ལས་མེད་པས་དེའི་དོན་དང་། དེ་ཁོ་ན་ཉིད་འཆད་པའི་ཚེ་དབང་སྟེགས་ལ་འཇོག་མི་དགོས་པས་ཐམས་ཅད་བཀུག་པ་ཡིན་གྱི། དགོས་པ་གཞན་མེད་ལ། འོ་ན་རྡོ་རྗེ་ཐེག་པའི་སྣོད་རུང་ཐམས་ཅད་དེའི་སློབ་དཔོན་གྱི་འོས་སུ་ངེས་སམ་ཞེ་ན། སློབ་དཔོན་གྱི་དབང་ལ་དགོས་པ་གཉིས་ཏེ། བསྐྱེད་རིམ་གྱི་དབང་དུ་བྱས་པའི་རྒྱུད་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་དོན་དང་། དེའི་འོག་ཏུ་ཆོས་འཆད་པ་དང་། བགེགས་གཞོམ་པ་དང་། དབང་གོང་མ་ལ་འཇུག་པའི་དོན་ནོ། །དང་པོ་དེ་སློབ་དཔོན་གྱི་དབང་དངོས་ཙམ་གྱིས་འགྲུབ། གཉིས་པ་དེ་དག་