R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༥ན
[A:༦༥ན]ལ་ཆོས་འཆད་པའི་རྗེས་གནང་ལ་སོགས་པ་དགོས་སོ། དེའི་ཕྱིར་ན་སློབ་མ་དང་སློབ་དཔོན་གྱི་དབང་མཚན་མོ་གཅིག་ལ་བསྐུར་བའི་ཕྱག་ལེན་བྱས་པས་འགའ་ཞིག་གི་བསམ་པ་ལ་སློབ་གཉེར་དང་བསྙེན་སྒྲུབ་བྱེད་མ་དགོས་པར་རྡོ་རྗེ་སློབ་དཔོན་དུ་སོང་བྱུང་ངོ་སྙམ་པའི་དྭོགས་པ་དེའང་ཁེགས་སོ། །རྫོགས་རིམ་གྱི་ཆོས་འཆད་པའི་སློབ་དཔོན་དུ་འགྲོ་བ་ལ་ནི་དབང་གོང་མ་ཐོབ་དགོས་ཤིང་། དེའང་དབང་རྣོན་ལ་དབང་བཞི་ཅིག་ཅར་དུ་བསྐུར་བས་ཆོག་ཀྱང་། དབང་ཆུ་ལས་ནི་རྟུལ་འབྲིང་གི་དབང་དུ་མཛད་དོ་ཞེས་གསུངས། ཡང་ཚར་ཆེན་གྱིས་རྡོ་རྗེའི་འཁྲུལ་འཁོར་གྱི་ཟེགས་མ་ལས། སྨྲ་བ་བཞི་པ་སློབ་དཔོན་གྱི་དབང་ལ་གྲངས་ངེས་མེད་པའི་སྒྲུབ་བྱེད་དུས་གཅིག་ལ་ཉེར་ལྔ་ལ་བསྐུར་བའི་ཕྱིར་ཟེར་བར་སྣང་བ། དེ་ལྟར་ན་སློབ་དཔོན་གྱི་དབང་ལ་གྲངས་ངེས་ཡོད་པར་ཐལ། དུས་གཅིག་ལ་ཉེར་ལྔ་ལས་ལྷག་པ་ལ་མི་བསྐུར་བའི་ཕྱིར། ཁྱབ་པ་ཚད་གྲུབ། རྟགས་གསལ་དངོས། འཁོར་གསུམ། སློབ་དཔོན་གྱི་དབང་ལ་དབང་སྟེགས་ཀྱི་སྟེང་དུ་གཅིག་བསྒྲེངས་སུ་བཞག་ནས་བསྐུར་དགོས་སྙམ་ན། ངོར་པ་ཡང་དབང་སྟེགས་གཅིག་གི་སྟེང་དུ་སློབ་མ་གཉིས་གསུམ་ལ་སོགས་པ་དུས་གཅིག་ཏུ་འཇོག་པར་མི་བཞེད་ཅིང་། དཀྱུས་མ་ལ་ལག་ལེན་བདེ་བའི་དབང་དུ་བྱས་ནས་སོ་སོར་ཏིང་ངེ་འཛིན་གྱི་དབང་སྟེགས་བསྐྱེད་པ་ལ་བཞག་ནས་སློབ་དཔོན་གྱི་དབང་བསྐུར་བར་མཛད་ལ་རྒྱས་པར་ན་སྤྱི་རྒྱུད་ལས། བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །མཁས་པས་ཅིག་ཅར་སློབ་མ་གཉིས། །དབང་བསྐུར་བར་ནི་ཡོངས་མི་བྱ། །གཉིས་སམ་