R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༨བ
[A:༦༨བ]འབྱུང་བས། འདིར་ཡང་དབང་རྫས་ཡོངས་དག་མེད་པ་དང་། །ཞེས་སོགས་ཡར་བླངས་ཏེ་བཀོད་ན་དེའང་ཆུ་རྒྱུན་བཞི་པར་ཚིག་རྐང་དེའི་རྒྱས་བཤད་དུ་ཡང་གཞན་དག་རྡོ་རྗེ་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་རྫས་ལ་བསྐྱེད་ཆོག་མི་འདོད་པ་ནི་མི་འཐད་དེ། རྗེ་བཙུན་གྱིས་མཛད་པའི་ལམ་དུས་ཀྱི་དབང་གི་ཡི་གེ་ལས། ཐུན་མོང་གི་དབང་དྲུག་རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་ཀའི་བདག་དང་དབང་རྫས་ཡོངས་སུ་དག་པ་བཞིས་བྱིན་གྱིས་བརླབས་དགོས་ཏེ། དེའང་དམ་ཚིག་པ་ནི་རྒྱུ་དུས་ཀྱི་དབང་དང་མི་འདྲ་སྟེ་ཕོ་བྲང་ལྔའི་གཙོ་བོར་འཕོ། རྡོ་རྗེ་འཆང་ཡང་ཞལ་གཅིག་ཕྱག་གཉིས་པར་འཕོ། ལྷག་མ་རྣམས་ནི་རྒྱུ་དུས་ཀྱི་དབང་དང་ཁྱད་པར་མེད་དོ་ཞེས་གསུངས་པ་དང་དངོས་སུ་འགལ་ལོ་ཞེས་རྒོལ་བར་མཛད་དོ། །དེའི་ལན་ལ་པཎ་ཆེན་གྱི་རྣམ་ཐར་སྒོ་བརྒྱད་པར་དངོས་བསྟན་གྱི་དོན་རྒོལ་ཚུལ་རྩིངས་པར་བསྟན་པ་དང་། ཞེ་འདོད་ཀྱི་ལན་འཕྲོས་བཅས་དང་དོན་ཚན་གཉིས་སུ་མཛད་ནས། དང་པོ་ལ་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་རྫས་ལ་བསྐྱེད་ཆོག་ངེས་པར་དགོས་ན། དེ་དུས་ཀྱི་བུམ་པ་ལའང་དགོས་ལ། དེ་ལ་གོང་དུ་བྱིན་རླབས་བྱས་ཟིན་མ་ཉམས་པས་ཟེར་ན་རྡོ་རྗེ་ལའང་མཚུངས། བུམ་པ་ཆུ་དབང་གི་ཐུན་མོང་མ་ཡིན་པའི་དབང་རྫས་ཡིན་པས་ཤེ་ན། རྡོ་རྗེའང་འོད་དཔག་མེད་ཀྱིའོ། །དེ་དང་འདིའི་དབང་རྫས་ཐ་དད་དོ་ཞེ་ན། འདིའི་དབང་རྫས་ལོགས་པ་ཞིག་འཚོལ་ལམ། སྔར་གྱི་དེ་མེད་པར་བྱེད། བརྟུལ་ཞུགས་དང་སློབ་དཔོན་གྱི་ཚེའང་བདག་དང་དབང་རྫས་གཉིས་ཀ་ལ་དག་པ་བཞི་ཚང་དགོས་ན་རྡོར་སེམས་ཉིད་མི་དམིགས་པར་བྱས་ནས། སླར་ཡང་དེ་ཉིད་ཀྱི་