R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༨ན
[A:༦༨ན]བག་མཛད་དགོས་པའི་རིགས་སོ། །དབང་གོང་མ་གསུམ་ཡང་རེ་རེ་ནས་བསྐུར་དགོས་ཞེས་དབང་ཆུའི་ལུང་འདྲེན་པར་བྱེད་མོད། དེ་ནི་རིག་སྔགས་མཁན་པོ་ཉིད་རང་གཟུགས་སྟོན་པར་མཛད་པའོ། །སློབ་འཁོར་ཉུང་བ་ལ་འཕྲིན་ལས་ཆུང་བར་བྱས་མོད། ཁོ་བོ་ཅག་གིས་ཁས་བླང་བར་བྱའོ་ཞེས་གསུངས་སོ། །དེ་ལྟར་ངོར་རྫོང་གཉིས་ཀྱི་དགོངས་པའི་སྙིང་པོ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ལ་གྲངས་ངེས་ཕྱག་ལེན་དུ་མཛད་མི་མཛད་ཙམ་མ་གཏོགས་དོན་གྱི་ངོ་བོ་ཕལ་ཆེར་མཐུན་པར་བྱུང་བས་རྣམ་དབྱེ་བྱ་རྒྱུའང་། ངོར་ལུགས་ཀྱི་ལན་འདེབས་དག་ལས་རྡོ་རྗེ་སློབ་དཔོན་གྱི་དབང་ལ་གྲངས་ངེས་དགོས་པ་བཤད་ཚོད་ཡིན་ཀྱང་དགག་དགོས་ཀྱི་དབང་གིས་གྲངས་ངེས་མེད་པར་བསྐུར་བ་ལ་ཉེས་པ་ཆེན་པོ་མེད་ཚུལ་བཤད་པ་དེ་ཉིད་ལྟར་ཡིན་ནོ།། །།ལྔ་པ་དབང་རྫས་ལ་ཡོངས་དག་ཡོད་མེད་ཀྱི་རྣམ་གཞག་ལ། མུས་སྲད་པ་ཆེན་པོས་རྣམ་བཤད་ཆུ་རྒྱུན་བཞི་པར། དབང་རྫས་ཡོངས་དག་ཡོད་མེད་དང་། །ཞེས་པ་འདི། ལུས་དཀྱིལ་འབྱུང་ཁུངས་མེད་པ་དང་། །ཞེས་པའི་རྗེས་སུ་འབྱུང་ཞིང་། རྒྱས་བཤད་ཀྱི་སྐབས་སུའང་གོ་རིམ་དེ་བཞིན་དུ་གསུངས་ལ། ཚར་ཆེན་གྱི་རྡོ་རྗེའི་འཁྲུལ་འཁོར་གྱི་ཟེགས་མར། རིམ་པ་དེ་ལྟར་དུ་ལན་འདེབས་མཛད་ཀྱང་། པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྒོ་བརྒྱད་པར། གོ་རིམ་དེ་བཟློག་སྟེ་བཀོད་ནས། ལན་འདེབས་ཀྱང་བཟློག་པའི་རིམ་པ་དེ་བཞིན་དུ་མཛད་ཅིང་། དེ་ལྟར་ཚངས་པའི་རིག་སྔགས་དང་དེའི་དོན་བསྡུས་དོན་བརྒྱད་པར་ཡང་འབྱུང་ལ། ཚུལ་དེ་བཞིན་དུ་མཁན་ཆེན་བཟང་བཀྲས་པ་དང་སྒྱི་ཆུ་བའི་ཡང་ལན་རྣམས་སུ་ཡང་