R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༩ན
[A:༦༩ན]བསྐྱེད་ཆོག་རྒྱས་པར་བྱེད་དམ། བརྟུལ་ཞུགས་ཀྱི་ཚེ་སྦྱང་གཞི་སྟོང་པར་སྦྱོང་ངོ་ཞེ་ན། དེའི་སྦྱང་གཞི་དང་སློབ་མའི་གཞི་མཐུན་གང་ལ་བྱེད། ཁྱད་པར་སློབ་དཔོན་གྱི་ཚེ་བདག་དང་དབང་རྫས་ཀྱི་བདག་དེ་དབང་སྟེགས་ལ་འཇོག་ཁ་དེའམ་ཞག་ཟིན་པ་དེ་ཡིན། དེ་གཉིས་ཇི་ལྟར་ཡང་ཐོག་མར་མི་དམིགས་པར་མ་བཏང་བའི་ཡོངས་དག་བཞི་མི་སྲིད། བཏང་ན་རྡོར་སེམས་མེད་པར་བྱེད་དགོས། བྱིན་གྱིས་བརླབས་ཚུལ་རྒྱུ་དུས་དང་འདྲ་ན་དབང་རྫས་ལ་དག་པ་བཞི་ཟིན་ནས་སློབ་མ་ལ་དབང་བསྐུར་མི་དགོས་སམ། དབང་རྫས་དག་པ་བཞིས་སྒྲུབ་པའི་ཚེ་རྡོ་རྗེ་མི་དམིགས་པར་བྱས་ནས་ལྷར་བསྐྱེད་པ་ཞུ་བ་ལས་རྡོ་རྗེར་གྱུར་པ་ཞིག་སློབ་མ་ལ་སྟེར་མི་དགོས་སམ། ཡིན་ན་རྡོ་རྗེའི་དབང་བསྐུར་ཚུལ་དུ་སོང་གི་སློབ་དཔོན་གྱིས་དེར་མ་སོང་། དྲིལ་བུ་ལའང་དེ་དང་འདྲ་ཞིང་། སློབ་དཔོན་གྱི་སྐབས་སུ་ཕྱག་རྒྱའང་དབང་རྫས་ཀྱི་གཙོ་བོར་མི་འདོད་དམ་ཞེས་གསུངས། །དོན་ཚན་གཉིས་པ་ལ། རྗེ་བཙུན་གྱིས་གཞན་རྣམས་རྒྱུ་དུས་དང་འདྲའོ་ཞེས་པས་རྒྱུ་ལམ་གཉིས་ཀའི་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་ལ་ཡོངས་དག་བཞི་ཚང་མི་དགོས་པར་གྲུབ་སྟེ། སློབ་དཔོན་རིན་པོ་ཆེའི་དབང་ཆུ་གཉིས་ཀ་ལས་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེར་བསྐྱེད་ཅེས་པ་ཡོད་ཀྱི། ལྷར་བསྐྱེད་པ་མི་སྣང་བས་དེ་མེད་པར་ཡོངས་དག་བཞི་ཇི་ལྟར་ཚང་། གལ་ཏེ་རྡོ་རྗེའི་དེ་ཁོ་ན་ཉིད་རྫོགས་པར་བསྐྱེད་ནས་ཞེས་པས་དག་པ་བཞི་འཐོན་སྙམ་ན། ཡོངས་དག་བཞི་ལ་རྡོ་རྗེའི་དེ་ཁོ་ན་ཉིད་དུ་སུ་ཡང་མི་བཞེད། ངེས་དོན་གྱི་རྡོ་རྗེ་ནི་སངས་རྒྱས་ཐམས་ཅད་ཚང་བའི་རྡོ་རྗེ་སེམས་དཔར། འདི་དེ་སངས་