R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣བ
[A:༧༣བ]གཉིས་ཀྱི་དབང་རྫས་རྡོ་རྗེ་དང་དྲིལ་བུ་གཉིས་ལ་ཡོངས་དག་བཞིའི་བསྐྱེད་ཆོག་དགོས་མི་དགོས་ཀྱི་བཤད་ཚུལ་དང་ཕྱག་ལེན་ཅུང་ཟད་མ་མཐུན་པར་སྣང་ཡང་། དོན་གྱི་སྙིང་པོ་ལུགས་གཉིས་ཀ་རྗེ་བཙུན་གོང་མའི་དགོངས་པ་དང་འགལ་མེད་ཡིན་པར་སེམས་ཏེ། རྗེ་བཙུན་གོང་མའི་ཡོངས་དག་བཞི་ལ་རྒྱས་འབྲིང་བསྡུས་གསུམ་དོན་གྱིས་བཤད་པའི་འབྲིང་པོའི་ཕྱོགས་དེ་གཙོ་བོར་རྫོང་ལུགས་པ་དག་གིས་ལམ་དུས་ཀྱི་དབང་གི་ཚེའང་ཆུ་དབང་སོགས་བདུན་ཆར་ལ་སྦྱར་ནས་ཕྱག་ལེན་དུ་མཛད་དེ། །ཚུལ་དེ་ནི་གོང་མའི་ལུང་དེ་དག་གིས་གྲུབ་ལ། ངོར་ལུགས་པ་རྣམས་ཀྱིས་བསྐྱེད་ཆོག་རྒྱས་འབྲིང་བསྡུས་གསུམ་གྱི་འབྲིང་པོ་དེ་འགྲེལ་པ་ལུགས་ཀྱི་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་རྫས་ལ་སྦྱར། བསྡུས་པ་ལ་གཉིས་སུ་ཕྱེ་ནས་ཕྱི་མ་མན་ངག་ལུགས་ཀྱི་དབང་དེ་གཉིས་ཀྱི་དབང་རྫས་ལ་སྦྱར་བ་ཡིན་ཞིང་། མན་ངག་ལུགས་ལ་བསྐྱེད་ཆོག་དེ་ཙམ་གྱིས་ཆོག་པ་ཡང་དབང་ཆུའི་ལུང་། བརྟུལ་ཞུགས་ཀྱི་ཚེ་རྡོ་རྗེ་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་བསྐྱེད་ལ་ཞེས་སོགས་ཀྱིས་བསྟན་པར་ངོར་ལུགས་པ་དག་འཆད་ཅིང་དོན་ལའང་གནས་པས་སོ།
།དེས་ན་ཕྱག་ལེན་རྒྱས་བསྡུས་ཙམ་མ་གཏོགས་དོན་གྱི་གནད་ལ་འཁྲུལ་པའི་ཆ་ལུགས་གཉིས་ཆར་དུ་མེད་པར་སེམས་སོ།། །།དྲུག་པ་ལུས་དཀྱིལ་གྱི་ཚེ་འབྱུང་ཁུངས་ཀྱི་ཚིག་ཡོད་མེད་ཀྱི་རྣམ་གཞག་ལ། མུས་སྲད་པ་ཆེན་པོའི་ཆུ་རྒྱུན་བཞི་པར་ཚིག་རིགས་རྒྱས་པ་ཙམ་ཞིག་འབྱུང་ཡང་། སྙིང་པོ་བླངས་ནས་བཀོད་པ་པཎ་ཆེན་གྱི་རྣམ་ཐར་སྒོ་བརྒྱད་པར་འབྱུང་བ་ལྟར་བཤད་ན། ལུས་དཀྱིལ་འབྱུང་ཁུངས་མེད་པ་