R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣ན
[A:༧༣ན] །ཤུགས་བསྟན་སྒྲུབ་བྱེད་སྨྲ་ན་ཡང་། །རང་བཟོ་མིན་པ་ཁྱེད་ལ་མེད། །དཔྱད་ན་འཁྲུལ་པར་ཤེས་བཞིན་དུ། །ད་དུང་ཕལ་ཆེར་རེ་དོགས་བྱེད། །ཅེས་གསུངས་ལ། ཡང་སྒྱི་ཆུ་བ་བུདྡྷ་ཤྲཱིའི་ནོར་བུའི་ཕྲེང་བར། ལམ་དུས་དབང་གི་ཡི་གེ་དེ། །དགོས་མེད་གཅིག་ལ་གསུངས་བར་ཐལ། །བུམ་པའི་དབང་བསྐུར་བདུན་པ་ལ། །འཁོར་གསུམ་ཡོངས་དག་མེད་པའི་ཕྱིར། །རྗེ་བཙུན་ནང་འགལ་གསུངས་པ་དང་། །སྐུ་མཆེད་གཉིས་ཀྱང་འགལ་བར་ཐལ། །རྡོ་རྗེ་གུར་གྱི་གཞུང་དོན་དེས། །འཁོར་གསུམ་ཡོངས་དག་བཀག་པའི་ཕྱིར། །འཁོར་གསུམ་ཡོངས་དག་ཅེས་བྱ་བ། །ཆུ་དབང་ཁོ་ན་ཡིན་པར་ཐལ། །དབང་བསྐུར་ཕྱི་མ་གསུམ་པོ་ལ། །འཁོར་གསུམ་ཡོངས་དག་མེད་པའི་ཕྱིར། །རྡོ་རྗེ་གུར་གྱི་གཞུང་དོན་དང་། །སློབ་དཔོན་རྩེ་མོའི་དབང་ཆུ་དེ། །ཁྱེད་ཀྱི་དགག་བྱ་ཡིན་པར་ཐལ། །དབང་བསྐུར་བདུན་གྱི་སློབ་དཔོན་དེ། །རིགས་བདུན་སོ་སོར་འཕོ་བའི་ཕྱིར། །དབང་བསྐུར་བདུན་ལ་ཁྱེད་ཉིད་ཀྱང་། །འཁོར་གསུམ་ཡོངས་དག་མེད་པར་ཐལ། །ལམ་དུས་དབང་གི་ཡི་གེ་དང་། །ཁྱེད་ཀྱི་ཕྱག་ལེན་མཐུན་པའི་ཕྱིར། །ལམ་དུས་དབང་གི་ཡེ་གེ་དང་། །ཁྱེད་ཀྱི་ཕྱག་ལེན་འགལ་བར་ཐལ། །དབང་བསྐུར་ཕྱི་མ་གསུམ་པ་ལ། །དབང་རྫས་ཡོངས་དག་མེད་པའི་ཕྱིར། །མན་ངག་ལུགས་ཀྱི་བརྟུལ་ཞུགས་དང་། །སློབ་དཔོན་གཉིས་ཀྱི་དབང་རྫས་ལ། །བསྡུས་པ་ཕྱི་མ་སྦྱར་ཞེས་པ། །གྱི་ན་ཙམ་གྱི་ཚིག་ཏུ་ཐལ། །དེ་ལ་དབང་རྫས་མེད་པའི་ཕྱིར། །ཞེས་གསུངས་ལ། དེ་ལྟར་ངོར་རྫོང་གཉིས་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་དང་། སློབ་དཔོན་གྱི་དབང་