R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༤ན
[A:༧༤ན]དང་། །ཞེས་པའི་རྒྱས་བཤད་དམ་འགྲེལ་པའི་ཚུལ་དུ། ཁ་ཅིག་ལུས་དཀྱིལ་གྱི་ཕོ་བྲང་ལྔའི་ཨཾ་ལ་སོགས་པའི་ཡི་གེ་རྣམས་ལྷ་རིན་འབྱུང་ལ་སོགས་པའི་ས་བོན་དུ་བཞག་ནས་སྐྱེད་པར་བྱེད་པ་མི་འཐད་དེ། དེ་ལྟར་ན་བཅོས་མའི་དཀྱིལ་འཁོར་དུ་ཐལ་བའི་ཕྱིར་དང་། ཧཾ་དང་ཧཱུྃ་ལྟ་བུ་ས་བོན་མགོ་ཐུར་བསྟན་དུ་མི་རུང་བའི་ཕྱིར་ཞེས་བཀག་ནས། ངག་འདོན་གྱི་ཚེ་ཨཾ་རིན་ཆེན་འབྱུང་ལྡན་ཞེས་སོགས་སྦྱར་ནས་འབྱུང་ཁུངས་ཀྱི་ཚིག་མཐའ་དག་མེད་པར་བྱེད་དོ། །འདི་ནི་མི་འཐད་དེ། རྗེ་བཙུན་རྩེ་མོའི་ལུས་དཀྱིལ་ལུང་དང་སྦྱར་བར་ལེའུ་གཉིས་པའི་སྐབས་སུ། བྷྲཱུཾ་ལ་སོགས་པ་ནི་ཕོ་བྲང་ལྔའི་ལྷ་རྣམས་ཀྱི་ས་བོན་ཏེ་ཞེས་གསལ་བར་གསུངས་པ་དང་། གཞུང་བཤད་མཐའ་དག་གི་གྲངས་བགྲངས་ནས། དེ་ཐམས་ཅད་ལས་ཨཾ་ལས་དང་། ཧྃ་ལས་ཞེས་སོགས་འབྱུང་ཁུངས་ཀྱི་ཚིག་བཤད་པ་དང་། ཁྱད་པར་དཔེ་མཛོད་མ་དང་། སྒ་ཐེང་མ་གཉིས་སུ་རྩ་ནང་གི་ཁམས་ལས་ཡབ་དང་། ཕྱི་ཤུན་གྱི་རྩ་ལས་ཡུམ་བསྐྱེད་པར་བཤད་པ་དང་། གཉགས་མའི་གསལ་བྱེད་ལུས་དཀྱིལ་གྱི་ཡེ་གེར་ཡང་། །དེ་ལས་ལྟེ་བར་ཨཾ་ལས་བཅོམ་ལྡན་འདས་ཡོན་ཏན་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་ཞེས་ལན་ཅིག་མ་ཡིན་པ་ཡང་ཡང་གསུངས་པ་ལ་དེ་ལྟར་དུ་སྨྲས་ནུས་པ་ཡ་མཚན་ནོ་ཞེས་རྒོལ་བར་མཛད་དོ། །དེའི་ལན་དུ་པཎ་ཆེན་རིན་པོ་ཆེས་རྣམ་ཐར་སྒོ་བརྒྱད་པར་ངེས་དོན་གྱི་གོ་བ་མ་ཆགས་ན་ཕྱོགས་གཉིས་ཀ་ངེས་མེད་དུ་བསྟན། ངེས་དོན་གྱི་གོ་བ་ཟུར་ཙམ་བསྟན་པ་དང་དོན་ཚན་གཉིས་སུ་མཛད་ནས། དང་པོ་ལ། ལས་ཉོན་གྱི་རྣམ་སྨིན་དུ་གྱུར་པའི་རྩ་ཁམས་ཉིད་སངས་