R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༤བ
[A:༧༤བ]རྒྱས་ཡབ་ཡུམ་དུ་འཆད་པའམ། རྩ་ཁམས་ཉིད་ལྷ་ཞལ་ཕྱག་གི་རྣམ་པ་ཅན་རྫས་གཞན་མང་པོ་བསྒྲུབ་པའི་གཞིར་འདོད་ཀྱང་རུང་སྟེ། ཕྱོགས་གཉིས་ཀའི་ངོས་མ་ཟིན་པའི་ཕྱིར་འདམ་ཁ་མེད་དོ། །ཇི་ལྟར་ཞེ་ན་ལས་ཉོན་གྱི་རྣམ་པར་སྨིན་པ་ནི་རང་བཞིན་གྱི་སངས་རྒྱས་དང་། གློ་བུར་རྣམ་དག་གི་སངས་རྒྱས་གཉིས་སུ་སུས་ཀྱང་སྒྲུབ་མི་ནུས་པ་དང་། བསྐྱེད་རྫོགས་ཀྱི་ལྷ་གང་ཡིན་ཀྱང་བསྒྲུབ་གཞི་ཞིག་ལས་བསྒྲུབ་དགོས་ན་དེའི་མཐར་ཐུག་གི་རྩ་བ་གཞི་དུས་ཀྱི་ཡེ་ཤེས་ཉིད་ལ་ཐུག་དགོས་པའི་ཕྱིར་ཞེས་གསུངས། དོན་ཚན་གཉིས་པ་ལ་གཞིར་གནས་ཀྱི་དཀྱིལ་འཁོར་བཞི་ལ་སྐུ་བཞི་རང་བཞིན་ལྷུན་གྲུབ་དང་། ཡོན་ཏན་གནས་འགྱུར་དུ་འབྱུང་བ་གཉིས་གཉིས་སུ་དབྱེ་བ་ནི། རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་རྣམས་གནས་འགྱུར་ཡིན། །ཞེས་བསྟན་པས་ན་ལུས་དབྱིབས་ཀྱི་རང་བཞིན་དང་། དེའི་ཆོས་ཉིད་སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་དང་། དེ་བཞིན་དུ་གཞན་གསུམ་ལའང་སྦྱར་བས་ཆོས་ཅན་དཀྱིལ་འཁོར་བཞི་པོ་གྲུབ་ཙམ་ནས་དེའི་ཆོས་ཉིད་སྐུ་བཞི་པོ་ངོ་བོ་དབྱེར་མེད་ཡིན་ཏེ། བུམ་པ་རྫས་ཐ་དད་པར་སྣང་བ་བཞིན་དང་། དེའི་གོ་ས་ན་ཡོད་པའི་ནམ་མཁའ་དབྱེར་མེད་པ་བཞིན་དང་། ཇི་སྲིད་བུམ་པ་ལྟ་བུའི་སྒྲིབ་ཐོགས་མ་བསལ་བ་དེ་སྲིད་དུ། དེའི་ནམ་མཁའ་གཟུགས་ཅན་གཞན་གྱི་གོ་སྐབས་མི་འབྱེད་པ་དེ་བཞིན་དུ། ཇི་སྲིད་ཤེས་རབ་ཀྱི་དབང་པོའི་རྣམ་སྨིན་གྱི་ལུས་རྩ་དང་། དེའི་ཆོས་ཉིད་སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་གོ་ས་ཐ་མི་དད་དུ་གནས་པ་ལ། དེ་ལྟར་དུ་བླ་མས་བརྡ་སྤྲད་ནས་ཤེས་པའི་ཚེ་ལུས་དཀྱིལ་ངོ་འཕྲོད་པ་ཞེས་བྱ་ལ། དེའི་འོག་ཏུ་ཤེས་རབ་