R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༥ན
[A:༧༥ན]ཀྱི་དབང་པོས་རྣམ་སྨིན་གྱི་ལུས་ལ་སོགས་པའི་སྒྲིབ་ཐོགས་བསལ་ནས་སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་ཉི་མ་ལྟ་བུར་ཡོན་ཏན་གྱི་ཚོགས་མངོན་དུ་གྱུར་པ་ལ་གནས་གྱུར་པ་ཞེས་བྱའོ། དེའི་ཕྱིར་རང་བཞིན་རྣམ་དག་ལ་བསམས་ན་འབྱུང་ཁུངས་ཀྱི་ཚིག་མི་དགོས་ལ། གློ་བུར་རྣམ་དག་ལ་བསམས་ན་འབྱུང་ཁུངས་ཀྱི་ཚིག་ཡོད་པར་བྱེད་དོ། དེའང་ངག་ཏུ་བརྗོད་ན་རང་བཞིན་རྣམ་དག་གི་རིན་འབྱུང་ཞལ་ཕྱག་གི་རྣམ་པ་ཅན་མ་ཡིན་པ་ནི་རྩ་ཡིག་ཨཾ་གི་རྣམ་པར་གནས་སོ། །རིན་འབྱུང་ཞལ་ཕྱག་གི་རྣམ་པ་ཅན་ནི་ཨཾ་ཡིག་ལས་བྱུང་ངོ་ཞེས་ཁས་ལེན་པར་བྱ་ཞིང་། །དེ་བཞིན་དུ་ང་རྒྱལ་དང་ཚོར་བའི་ཕུང་པོ་རྣམ་པར་དག་ཅེས་པ་དེ་ལའང་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གཉིས་ལས། ལས་དང་པོ་པའི་ལུས་དཀྱིལ་གསལ་འདེབས་བའི་ཚེ་ནི་སྔ་མ་དབང་བཙན་ལ། དབང་གི་རྟོགས་པ་བརྗོད་པའི་ཚེ་ནི་ཕྱི་མ་དབང་བཙན་ནོ་གསུངས་སོ། །ཡང་ཚར་ཆེན་གྱི་རྡོ་རྗེའི་འཁྲུལ་འཁོར་གྱི་ཟེགས་མ་ལས། དེ་ལྟར་ན་ལུས་དཀྱིལ་གྱི་ལྷ་རྣམས་ས་བོན་ལས་བསྐྱེད་པར་ཐལ། སྲས་དོན་མ་སོགས་ལས་བསྐྱེད་པར་གསུངས་པའི་ཕྱིར། འདོད་ན་མི་བསྐྱེད་པར་ཐལ། སྒ་ཐེང་མ་དང་དཔེ་མཛོད་མ་གཉིས་ལས་མི་བསྐྱེད་པར་བཤད་པའི་ཕྱིར། མ་གྲུབ་ན་དེར་ཐལ། ལྟེ་བའི་རྩ་ཨཾ་ཡིག་གི་རྣམ་པ་ཅན་དང་། དེའི་ནང་གི་ཁམས་གཉིས་བསྐྱེད་རིམ་གྱི་སྐབས་ཀྱི་ལྷའི་བསྐྱེད་ཆོག་གི་ས་བོན་ཡིན་པ་རྒྱ་བོད་སུའང་མི་འཐད་པའི་ཕྱིར། དེས་ན་སློབ་དཔོན་རིན་པོ་ཆེའི་ལུང་སྦྱོར་དུ་གསུངས་པའང་ཕོ་བྲང་ལྔའི་གཙོ་བོའི་ས་བོན་ཙམ་བསྟན་པ་ཡིན་གྱི། ཁྱེད་འདོད་པ་ལྟར་ཡིན་ན་དེ་དག་བརྟག་གཉིས་ནས་