R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༦བ
[A:༧༦བ]འཁྲུལ་གཞི་དེ་མི་འབྱུང་བ་དང་། ཡི་གེ་དེ་ལྟར་གོ་བའི་ཕྱིར་ངག་འདོད་ལྟར་མཛད་པ་ཡིན་གྱི། ལས་ཞེས་པའི་ཚིག་དེ་ནོར་ཞེས་པའི་དོན་མིན་པས་དེ་ཙམ་ལ་དགག་སྒྲུབ་བྱེད་པ་བློ་གྲོས་ཆུང་བ་ཡིན། བཤད་མཛོད་མ་དང་། སྒ་ཐེང་མ་ལས་བཤད་པ་དེ་ཁོ་བོ་ཅག་ཀྱང་འདོད་ལ། དེ་དག་ཏུ་བསྐྱེད་པ་དང་རང་བཞིན་གྱིས་གྲུབ་པ་གཉིས་འགལ་ལོ་སྙམ་ན། དེ་ནི་ཆོས་ལུགས་འདི་ལས་ཕྱི་རོལ་དུ་གྱུར་པ་ཡིད་སྲུབས་ཀྱི་གསང་ཚིག་སྙིང་ལ་ཞུགས་པའི་བཤེས་གཉེན་གཞན་ལུས་ལ་ལྷ་བསྐྱེད་པ་དང་ལུས་དཀྱིལ་གྱི་ཁྱད་པར་མ་ཕྱེད་ཅེས་སུན་འབྱིན་འཕངས་མཁན་དག་གི་རྗེས་སུ་ཁྱེད་ཀྱང་ཞུགས་པའོ། །འོ་ན་སློབ་དཔོན་རིན་པོ་ཆེས་བྷཱུཾ་ལ་སོགས་པ་ཕོ་བྲང་ལྔའི་ས་བོན་དུ་བཤད་པས་ཕྱི་དཀྱིལ་ལྟར་ལྷ་རྣམས་ས་བོན་ལས་བསྐྱེད་པ་ལས་འོས་མེད་དོ་སྙམ་ན། དོགས་པ་དེ་འགའ་ཞིག་ལ་སྐྱེ་སྲིད་པ་ལ་དགོངས་ནས་ངག་འདོན་དེ་ལྟར་མཛད་པ་ཡིན་ལ། སློབ་དཔོན་རིན་པོ་ཆེའི་གསུང་གིས་ནི་བྷྲཱུཾ་ལ་སོགས་པ་ཕོ་བྲང་ལྔའི་གཙོ་བོ་རྣམས་ཀྱི་ས་བོན་དུ་བསྟན་གྱི། ལུས་དཀྱིལ་གྱི་ཚེ་ས་བོན་དེ་རྣམས་ལས་བསྐྱེད་དགོས་པ་མ་བསྟན་ནོ། །འོ་ན་ཅི་སྙམ་ན་ལམ་དུས་ཀྱི་རིག་པའི་དབང་ལྔའི་རིགས་ལྔ་ཕོ་བྲང་ལྔའི་གཙོ་བོར་གནས་གྱུར་པ་ལྟ་བུའི་ཚེ་རྒྱུ་དབང་དང་མཐུན་པར་རྡོ་རྗེའི་ཆོ་ག་ལས་བསྐྱེད་པའམ་ས་བོན་ལས་བསྐྱེད་ན་བྷྲཱུཾ་ལ་སོགས་པ་ལས་བསྐྱེད་ཅེས་པ་ཡིན་གྱི། ལུས་དཀྱིལ་གྱི་ཚེ་ས་བོན་བྷྲཱུཾ་སོགས་ལས་བསྐྱེད་པའི་དོན་མ་ཡིན་ཏེ། དེ་ཡིན་པར་ཁུངས་ཐུབ་ཀྱི་གཞུང་བཤད་དག་ལས་མ་བཤད་པས། ས་ཆེན་གྱི་གསུང་དང་འགལ་བ་ཞིག་སློབ་དཔོན་རིན་པོ་ཆེའི་དགོངས་པར་བསྒྲུབས་ན་སློབ་དཔོན་རིན་པོ་ཆེ་ལ་སྐུར་