R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧ན
[A:༧༧ན]འདེབས་སུ་འགྲོ། དེས་ན་བྷྲཱུཾ་སོགས་རིགས་ལྔའི་ས་བོན་དུ་བཤད་པས་ལུས་དཀྱིལ་གྱི་ལྷ་ས་བོན་ལས་བསྐྱེད་དགོས་ན། རྣམ་བཤད་ཉི་འོད་ལས་བྷྲཱུཾ་སོགས་རིགས་ལྔའི་བདག་ཉིད་དུ་བཤད་པས་དེ་དག་དེ་རྣམས་ཀྱི་ངོ་བོའམ་བདག་ཉིད་དུ་འགྱུར་ལ། དེ་ནི་ཁྱེད་ལ་འགལ་ཏེ་ཕོ་བྲང་ལྔའི་དབུས་ཀྱི་ཡིག་འབྲུ་རྣམས་རིགས་ལྔའི་ངོ་བོ་ལས་གཞན་པའི་ས་བོན་དུ་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། །དེས་ན་སློབ་དཔོན་རིན་པོ་ཆེའི་གསུང་གི་དོན་ཕོ་བྲང་ལྔའི་གཙོ་བོ་རྣམས་ས་བོན་ལས་བསྐྱེད་པའི་ཚེ་བྷྲཱུཾ་སོགས་ལས་བསྐྱེད། ལུས་དཀྱིལ་གྱི་ཚེ་ཙཎྜ་ལཱི་དང་མཐུན་པའི་ཡི་གེ་རྣམས་ལུས་དཀྱིལ་གྱི་ལྷར་བསྒོམ་ཞེས་པའི་དོན་གཉིས་ཀ་ཚིག་ཉུང་ངུས་བསྟན་པ་ཡིན་པས་རང་གིས་མཐོང་བ་དེ་ཁོ་ན་ཡིན་གྱི། གཞན་ནི་གཏི་མུག་གོ་སྙམ་པའི་ཕྱོགས་རེ་བའི་བློ་དེ་དོར་ན་ལེགས་པར་མངོན་ནོ་ཞེས་གསུངས་ཤིང་། དོན་བསྡུས་དོན་བརྒྱད་པ་ལས་ཀྱང་། ལུས་དཀྱིལ་ལྷ་རྣམས་བསྐྱེད་པའི་གཞི། །ཨཾ་ལས་ཞེས་སོགས་འབྱུང་ཁུངས་ཀྱི། །ཚིག་ཏུ་འདོད་ན་གཞན་དག་ལས། །སངས་རྒྱས་ལས་ཆོས་ཆོས་ལས་ནི། །འཕགས་པའི་ཚོགས་ཞེས་གང་གསུངས་པ། །འདི་འདྲའི་རིགས་ལ་འབྱུང་ཁུངས་ཀྱི། །ཚིག་ཅེས་མཁས་པ་རྣམས་ལ་གྲགས། །ཁྱེད་ཀྱང་དེ་ལྟར་འདོད་ན་ནི། །ཨཾ་ལས་བྱུང་ཞིང་ཨཾ་ཡིག་ལས། །ལོགས་སུ་གྱུར་པའི་རིན་འབྱུང་ཞིག །སྤྲུལ་འཁོར་དབུས་སུ་འདོད་དགོས་པར། །སྔ་མ་དེ་ཡི་རིགས་པས་གྲུབ། །དེ་འདྲ་ཁྱེད་ཅག་བཞེད་ལགས་སམ། །ཞེས་དང་། རྗེ་བཙུན་རྩེ་མོའི་ལུང་སྦྱོར་གྱི། །ཚིག་དེས་ལུས་དཀྱིལ་ས་བོན་ལས། །བསྐྱེད་པར་གྲུབ་ན་བྷྲཱུཾཨཾ་