R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༦ན
[A:༧༦ན]འཁྲུལ་གཞི་ཆུང་བ་གཉིས་སུ་མཛད་ནས། དང་པོ་ལ། སྤྱིར་རྣལ་འབྱོར་པའི་རྟེན་དཀྱིལ་འཁོར་བཞི་གྲུབ་ཙམ་ནས་སྐུ་བཞི་རང་བཞིན་ལྷུན་གྱིས་གྲུབ་པ་ཡིན་པས་གཅིག་ལ་མཚོན་ན་སྤྲུལ་འཁོར་གྱི་དབུས་ཀྱི་ཨཾ་རྩར་གྲུབ་ཙམ་ནས་སྤྲུལ་སྐུ་རང་བཞིན་ལྷུན་གྲུབ། ཡི་གེའི་གཟུགས་སུ་གྲུབ་ཙམ་ན་ལོངས་སྐུ། དེའི་བདུད་རྩི་གྲུབ་ཙམ་ན་ཆོས་སྐུ། ཐམས་ཅད་ལ་ཁྱབ་པའི་རླུང་གྲུབ་ཙམ་ན་ངོ་བོ་ཉིད་ཀྱི་སྐུ་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ལུས་ཀྱི་ཨཾ་ཡིག་དེ་ཞལ་ཕྱག་གི་རྣམ་པར་གྲུབ་པ་ནི་རིན་འབྱུང་ཡིན་ལ། རིན་འབྱུང་དེ་རྩ་ཡི་གེའི་རྣམ་པར་གནས་པ་ནི་སྤྲུལ་འཁོར་གྱི་དབུས་ཀྱི་ཨཾ་ཡིག་གོ །དེ་ལྟར་ཁ་སྦྱོར་དང་། བདེ་མཆོག་རྩ་རྒྱུད་ལས་བཤད་ལ། དེ་བཞིན་དུ་འཁོར་ལོ་གཞན་རྣམས་ལའང་ཤེས་པར་བྱས་ལ་འབྲས་བུ་ལ་ཞེན་ཅིང་ལམ་ལ་ཞུགས་པས་ལུས་ཀྱི་རྩ་ཡིག་ལ་སོགས་པ་ལྷར་མཐོང་བ་སོགས་ཀྱི་གསལ་སྣང་ཁྱད་པར་ཅན་སྐྱེས་པའི་ཚེ་ལུས་དཀྱིལ་མཐོང་བ་ཞེས་བྱ། མཐར་དཀྱིལ་འཁོར་བཞི་པོ་དེ་ལས་ལོགས་སུ་སྐུ་བཞི་བཙལ་མི་དགོས་པར་ཡོན་ཏན་གྱི་ཚོགས་ཡར་ལྡན་དུ་གྱུར་པ་དེ་ཉིད་ལ་འབྲས་བུ་མཐར་ཐུག་ཅེས་བྱའོ། །དེ་ལྟ་བུའི་གོ་བ་རགས་པ་ཙམ་ཡོད་པའི་གང་ཟག་ལ་ཨཾ་ཡིག་ལས་ལོགས་པའི་རིན་འབྱུང་ཞིག་བསྐྱེད་ཆོག་གི་སྒོ་ནས་གསར་དུ་བསྐྱེད་དགོས་པའི་དོགས་པ་མི་འབྱུང་བས་ངག་འདོན་གང་བྱས་ཀྱང་དོན་ལ་འགལ་བ་མེད་གསུངས། དོན་ཚན་གཉིས་པ་ལ། དང་པོའི་ལས་ཅན་འགའ་ཞིག་ལ་ཨཾ་ལས་རིན་འབྱུང་ཞེས་སོགས་བྱས་ན་ཕྱི་དཀྱིལ་ལྟར་ཨཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་རིན་འབྱུང་ཞིག་ཆོ་གས་བསྐྱེད་དགོས་པའི་དོགས་པ་སྐྱེ་སྲིད་པས་