R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧བ
[A:༧༧བ]སོགས། །རྩ་རྒྱུད་ནས་བཤད་ཡིག་ལྔ་ལས། །ལུས་དཀྱིལ་ལྷ་རྣམས་བསྐྱེད་པར་རིགས། །ལུས་དཀྱིལ་ས་བོན་བྷྲཱུཾ་ཨཾ་སོགས། །ཡིན་ཞེས་བསྒྲུབས་ནས་ལྷ་བསྐྱེད་ཚེ། །དེ་དག་མིན་པའི་ཧྃ་སོགས་ལས། །བསྐྱེད་པ་འགལ་བ་ལྟག་སྤྲོད་ཡིན། །གལ་ཏེ་བྷྲཱུཾ་ཨཾ་ལ་སོགས་པའི། །ས་བོན་ཉིད་ལས་བསྐྱེད་དོ་ཞེས། །འདོད་ན་གཞུང་བཤད་ཐམས་ཅད་ལས། །ཙཎྜ་ལཱི་དང་མཐུན་པ་ཡི། །ཡིག་འབྲུ་རྣམས་ལས་བསྐྱེད་པའི་ཚུལ། །གསལ་བར་བཤད་པ་གཞུང་བཤད་ལ། །མཁས་པར་རློམ་པ་ཁྱེད་ཀྱིས་བཀག །ས་ཆེན་འགེགས་པའི་ས་སྐྱ་པའི། །གཞུང་བཤད་མཁས་རློམ་དེ་རེ་བླུན། །གཞན་དུ་འདམ་ཁ་བྱུང་མོད་ཀྱང་། །སྐབས་འདིར་ལུས་འདི་གྲུབ་ཟིན་ཤིག །ལྷར་བསྒོམས་པ་ལས་འདམ་ཁ་མེད། །ཡང་ན་འགལ་ལ་མ་འཁྲུལ་པའི། །ཚད་མ་ཁས་ལེན་བྱེད་དམ་ཅི། །ཁོ་བོ་ཅག་ནི་ལུང་དེའི་དོན། །རིག་པའི་དབང་ལྔའི་རིགས་ལྔ་པོ། །ཕོ་བྲང་གཙོ་བོར་གནས་གྱུར་ཚེ། །བྷྲཱུཾ་ཨཾ་སོགས་ལས་བསྐྱེད་པ་དང་། །ལུས་དཀྱིལ་བསྒོམ་ཚེ་ཧྃ་སོགས་ལས། །བསྐྱེད་པ་གཉིས་ཀ་ཚིག་ཉུང་ངུས། །བསྟན་པར་འདོད་ཀྱི་ཅིག་ཤོས་མིན། །དང་པོའི་ལས་ཅན་གང་ཟག་གིས། །ལུས་དཀྱིལ་ལྷ་རྣམས་ས་བོན་ལས། །གསར་དུ་བསྐྱེད་པ་མ་ཡིན་པར། གདོད་ནས་གྲུབ་པར་གོ་བའི་ཕྱིར། །ངག་འདོན་ཚེ་ན་དེ་མཛད་ཀྱི། །ལས་ཞེས་བྱ་བའི་ཚིག་དེ་དག །ནོར་པ་ཡིན་པར་སུ་ཞིག་སྨྲ། །དེ་ཕྱིར་སྐབས་དོན་མ་ལོངས་པར། །ཚིག་ཙམ་རྩོད་པའི་ངལ་བ་དེ། །བྱིས་པ་རྣམས་ཀྱི་ཁྱད་ནོར་ཡིན། །ཞེས་གསུངས་སོ། དེ་དག་གི་ཡང་ལན་དུ་མཁན་ཆེན་བཟང་བཀྲས་པས་སྙན་བརྒྱུད་འཁྲུལ་སེལ་