R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༨བ
[A:༧༨བ]ཚུལ་ལའང་དཔྱད་གཞི་ཡོད། །ཡི་གེར་སྐྱོན་སྙམ་རེ་ཞིག་བཞག །ངོར་པ་ཆེན་པོའི་བིར་སྲུང་དུ། །རང་ཉིད་བིརྺར་བསྒོམ་པ་ལ། །ཕོ་བྲང་ལྷ་ལྔའི་ས་བོན་བསམ། །ཞེས་འདིའང་སྐྱོག་བཤད་མ་བྱེད་ཅིག །ཅེས་གསུངས་ཤིང་། སྒྱི་ཆུ་བ་བུདྡྷ་ཤྲཱིའི་ནོར་བུའི་ཕྲེང་བར་ཚངས་པའི་རིག་སྔགས་ཀྱི་བཞེད་པ་རགས་རིམ་བཀོད་པའི་རྗེས་སུ། ཨཾ་ལས་ལོགས་སུ་གྱུར་པའི་རིན་འབྱུང་སྤྲུལ་འཁོར་གྱི་དབུས་སུ་སྒོམ་དགོས་པར་འགྱུར་ཏེ་ཨཾ་ལས་བྱུང་བའི་རིན་འབྱུང་ཨཾ་ཉིད་ལས་ལོགས་སུ་གྱུར་པ་ཞིག་འདོད་དགོས་པའི་ཕྱིར། འཁོར་གསུམ། ཨཾ་ལས་ལོགས་སུ་གྱུར་པའི་རིན་འབྱུང་ཁས་བླངས་དགོས་པར་འགྱུར་ཏེ་སངས་རྒྱས་ལས་ལོགས་སུ་གྱུར་པའི་ཆོས་ཁས་བླངས་པའི་ཕྱིར་ཏེ། སངས་རྒྱས་ལས་བྱུང་བའི་ཆོས་སངས་རྒྱས་ཉིད་ལས་ལོགས་སུ་ཁས་བླངས་པའི་ཕྱིར། བྷྲཱུཾ་ལ་སོགས་པ་ཕོ་བྲང་ལྔའི་ས་བོན་ཡིན་པར་བསྟན་ན། ས་བོན་ལས་མི་བསྐྱེད་པ་ཅི། ས་བོན་གྱི་དོན་གང་། རིག་པའི་དབང་ལྔའི་ཚེའང་ས་བོན་ལས་བསྐྱེད་པའི་དོན་མིན་ཞེས་པ་བློ་གྲོས་ཀྱི་འཆར་སྒོ་ཡ་མཚན་ཆེ། དང་པོའི་ལས་ཅན་ལ་ཅིག་ཤོས་འཁྲུལ་གཞི་ཆུང་ཞེས་པ། རྗེ་བཙུན་གོང་མ་རྣམས་ཀྱིས་བརྟན་པ་ཐོབ་པའི་གང་ཟག་འབའ་ཞིག་གི་ངག་འདོན་དུ་གསུངས་པ་ལགས་སམ། མ་མཁྱེན་པ་གང་ལགས། ལས་ཞེས་པའི་འབྱུང་ཚིག་སྨོས་པས་ངན་པར་འགྱུར་དུ་དོགས་ན། གཏུམ་མོའི་ཨཾ་ལས་མེ་འབྱུང་བ་དང་། སྤྱི་བོའི་ཧཾ་ལས་བྱང་སེམས་འབབ་པ་རྣམས་ལ་ཇི་ལྟར་ཆོས་ལགས། བསམ་མནོ་ཐོང་ལ་སྨྲོས་ཤིག་ཅེས་གསུངས་ལ། མཁས་པ་གོང་མའི་གསུངས་དེ་དག་ལས། པཎ་ཆེན་རིན་པོ་ཆེས་རྟེན་དཀྱིལ་འཁོར་