R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༣ན
[A:༨༣ན]རྩ། །ས་ཡི་རང་བཞིན་སྤྱན་མ་སེར། །ལས་ཀྱི་ཕྱག་རྒྱའོ། །སྙིང་ཁར་བརྒྱད་ཀྱི་རྩ་རྣམས་ལ། །རྡོ་རྗེ་བཙུན་མོ་མཱ་མ་ཀི །མདོག་སྔོན་གྲི་གུག་ཐོད་པ་འཛིན། །གར་གྱིས་ལེགས་རོལ་ཆུ་ཡི་ཁམས། །ཆོས་ཀྱི་ཕྱག་རྒྱའོ། །མགྲིན་པར་འཁོར་ལོ་ལོངས་སྤྱོད་ཆེ། །བཅུ་དྲུག་རྩ་ལས་གོས་དཀར་མོ། །མེ་ཁམས་རྣམ་དག་ཁ་དོག་དམར། །ཞལ་གཅིག་ཕྱག་གཉིས་མཛེས་པ་མ། །ཕྱག་རྒྱ་ཆེན་པོའོ། །གསང་བར་པདྨ་སུམ་ཅུ་གཉིས། །སྒྲོལ་མ་ལྗང་སྔོ་རླུང་གི་ཁམས། །སྟེང་གི་བདེ་ཆེན་འཁོར་ལོ་ལ། །རྡོ་རྗེ་དབྱིངས་ཀྱི་དབང་བྱུང་མ། །སུམ་ཅུ་གཉིས་ལྡན་ཁ་དོག་དཀར། །བདེ་ཆེན་ནམ་མཁའ་ཉིད་དུ་བརྗོད། །དམ་ཚིག་གི་ཕྱག་རྒྱའོ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །འཁོར་ལོའི་དབུས་སུ་རོལ་ཞིང་གནས། །ཞལ་མདོག་མཚན་མ་ལ་སོགས་པ། །ཇི་སྐད་རྒྱུད་ལས་གསུངས་བཞིན་སྒོམ། །བསམ་གཏན་མི་ནུས་རྣལ་འབྱོར་གང་། །རྒྱལ་ཆེན་འཁོར་ལོས་སྒྱུར་བ་དྲུག །བདེ་བ་དམ་པའི་ཡུལ་དང་བཅས། །གཡས་བརྐྱང་པ་ཡི་རོལ་པའི་སྐུ། །འཁོར་ལོའི་མདོག་མཚུངས་ཞལ་གཅིག་པ། །འཁོར་ལོ་པདྨ་རྡོ་རྗེ་དང་། །རིན་ཆེན་པདྨ་རྡོ་རྗེ་དང་། །རིན་ཆེན་རལ་གྲི་གཡས་ན་སྟེ། །གཡས་མིན་པར་ནི་དྲིལ་བུ་འོ། །ཀུན་གྱི་དབང་བསྐུར་གནས་སུ་ནི། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཤེས་རབ་མ་དང་མཉམ་སྦྱོར་བ། །རྡོ་རྗེ་དྲིལ་བུ་འཛིན་པ་བསྒོམ། །ཞེས་པ་འདིའི་དངོས་བསྟན་ཕོ་བྲང་དྲུག་པ་ཡིན་ན། ཕོ་བྲང་དང་པོ་ལྔ་ལ་རྩ་འདབ་ཀྱི་གྲངས་དང་། ལྷ་མོ་དང་། ཕྱག་རྒྱ་བཞིའི་བསྡུ་ཚུལ་རྣམས་བཤད་ནས་དྲུག་པ་ལ་དེ་