R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༢བ
[A:༨༢བ]རྫོགས་རིམ་སྟོན་བྱེད་དུ་འཆད་ཀྱང་། མན་ངག་གི་ཚེ་ལུས་དཀྱིལ་གྱི་ཁུངས་སུ་གྲུབ་པ་དང་། རྒྱུད་ཀྱི་ཚིག་རེ་རེ་ལའང་སྤྱི་སྦས་མཐར་ཐུག་གི་བཤད་པ་དུ་མ་བྱ་རྒྱུ་ཡོད་ཅིང་བྱ་བར་ཡང་། ཐམས་ཅད་མཁྱེན་པའི་བཀའ་ནི་རྒྱ་མཚོ་བཞིན། །ཞེས་སོགས་ཀྱིས་བསྟན་ནོ། ཊཱིཀ་ཆེན་གྱི་དངོས་བསྟན་ནི་རྒྱུད་འཆད་པའི་ཚེ་ལུས་དཀྱིལ་སྟོན་བྱེད་དུ་སྐབས་སུ་མ་བབས་པས་མ་བཤད་པ་ཡིན་གྱི། དོན་དང་མ་འབྲེལ་བ་མ་ཡིན་ཏེ། ལུས་དཀྱིལ་འདི་དག་རྫོགས་རིམ་གྱི་ཡེ་ཤེས་འདྲེན་པའི་ཐབས་སུ་གསུངས་ལ། ཊཱིཀ་ཆེན་དེར་གཞུང་དེ་རྫོགས་རིམ་གྱི་ཡེ་ཤེས་སྟོན་བྱེད་དུ་གསུངས་པའི་ཕྱིར། དེ་ལྟར་ན་ལུང་དེའི་དོན་མན་སྙེར། འཁོར་ལོ་ལྔའི་དབུས་སུ་ལྷ་མོ་ལྔ་བསྐྱེད་པའི་ལུས་དཀྱིལ་དུ་དངོས་སུ་བཤད་ལ། དེའི་ཚེ་ཚིག་རྐང་ཕྱི་མ་གཉིས་འཁོར་ལོ་དྲུག་པ་རྣམས་ཀྱི་དེའི་ཁུངས་དང་། ལྔ་པའི་ཚེ་རིགས་བདག་སྟོན་པར་ཕྱག་རྒྱ་བཞི་པའི་ལུང་གིས་གྲུབ་བོ་ཞེས་པའི་དོན་ཡིན་པས། ཟིན་སོ་འདི་བཞིན་ཡོད་ཕྱིན་རང་བློས་སྦྱར་བར་སེམས་པ་ནི་ཕྱོགས་འཛིན་ཡིན་ནོ། གལ་ཏེ་ལུང་དེས་ལུས་དཀྱིལ་ཡེ་མ་བསྟན་ན། གཞན་འཁོར་ལོ་དྲུག་པ་དངོས་བསྟན་གྱི་ཀྱེ་རྡོར་རྒྱུད་གསུམ་གྱི་ལུང་ཁུངས་བསྟན་དགོས། དེས་ན་ཆོས་རྗེས། འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས། །ཞེས་སོགས་གསུངས་པ་ལྟར་ཕྱོགས་གཅིག་ལ་མ་ཞེན་པ་དགོས་སོ་ཞེས་གསུངས། གཉིས་པ་ལ། ཁྱོད་ཀྱིས་ཕྱག་རྒྱ་བཞི་པ་མ་མཐོང་བཞིན་དུ་དེའི་དོན་འཁོར་ལོ་དྲུག་པར་འཆད་པ་འོལ་ཚོད་དེ། ཕྱག་རྒྱ་བཞི་པ་ལས། རྣལ་འབྱོར་ཆོས་མཆོག་རང་གི་ལུས། །གྲུབ་པའི་དཀྱིལ་འཁོར་སྐད་ཅིག་ལྟ། །ལྟེ་བ་དྲུག་ཅུ་རྩ་བཞིའི་