R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༣བ
[A:༨༣བ]དག་མ་བྱུང་བ་དང་། འཁོར་ལོ་དྲུག་ཕྱོགས་གཅིག་ཏུ་བཤད་ན། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །འཁོར་ལོའི་དབུས་སུ་རོལ་ཞིང་གནས། །ཞེས་སྤྱི་སྡོམ་ཕྱོགས་ཅིག་ཏུ་བྱས་ནས། རྒྱལ་ཆེན་འཁོར་ལོས་སྒྱུར་བ་དྲུག །ཅེས་བཤད་ཆོག་པ་ལས་དེ་མི་འབྱུང་བར་འཁོར་ལོས་སྒྱུར་བ་ལྔ་ཕྱོགས་གཅིག་ཏུ་བཤད་ཟིན་ནས། ཀུན་གྱི་དབང་བསྐུར་གནས་སུ་ནི། །ཞེས་འབྱུང་བ་ཇི་ལྟར་ཡིན་རྣམ་དཔྱོད་ཀྱི་བློ་གྲོས་ཡོད་ན་ད་ཆོད་ཅིག་ཅེས་གསུངས། གསུམ་པ་ལ་རྡོ་རྗེ་སེམས་དཔས་རྒྱས་བཏབ་དང་། རང་རིགས་ཀྱི་གཙོ་བོ་རིགས་ལྔ་གང་རུང་གི་རྒྱས་གདབ་གཉིས་མི་འགལ་བས། ཁྱོད་ཀྱི་རྡོ་རྗེ་སེམས་དཔའ་ནི་རིགས་ལྔ་པོ་རང་རང་གི་རྒྱུ་རྡོ་རྗེ་འཛིན་པ་ཡིན་པས་རང་རིགས་ཀྱི་རྒྱས་གདབ་ཀྱང་ཡིན། རྡོ་རྗེ་སེམས་དཔའི་རྒྱས་གདབ་ཀྱང་ཡིན་པས་དོན་ཅིག་ཅེས་པ་དེས་ཁོ་བོ་ཅག་གི་འདོད་པ་བསྒྲུབ་པ་ཡིན་གསུངས། དོན་ཚན་དང་པོའི་གཉིས་པ་ལ། སྲས་དོན་མའི་རྒྱས་གདབ་དང་པོ་དང་། འཕགས་པའི་དགོངས་པ་མི་འགལ་བར་འཆད་པ་གཉིས་ཆར་མཐུན་ལ། སྲས་དོན་མའི་ཕྱི་མ་ཁ་ཅིག་དབུ་རྒྱན་རང་ཆས་སུ་བསྒོམ་པ་ལ་འདོད་ཀྱང་། དེ་ནི་དམིགས་པ་བསྒོམ་སླ་བའི་ཕྱིར་ཡིན་ཅིང་། གཞན་ལྷ་ཐམས་ཅད་ལ་རང་རིགས་ཀྱི་རིགས་ལྔ་གང་རུང་གི་རྒྱས་འདེབས་རུང་བ་ཕྱག་རྒྱ་བཞི་པ་ལས་འབྱུང་བ་དང་། གོང་མའི་བཤད་པ་ཁོ་བོ་ཅག་གི་ངག་འདོན་རྣམས་གནད་གཅིག་པས་རྒྱུན་གྱི་ཉམས་ལེན་ལ་སྤྲོས་པའི་བྱེ་བྲག་གིས་ཅི་རིགས་རུང་ངོ་། །དེས་ན་རྡོར་སེམས་རིགས་ཐམས་ཅད་ཀྱི་བདག་པོ་དང་། རིགས་ལྔ་ཆར་གྱི་རྒྱུ་རྡོར་འཛིན་ཡིན་པས་ངེས་གསལ་མེད་པ་རྣམས་ལ་དེས་རྒྱས་འདེབས་