R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༣བ
[A:༩༣བ]དོན་འདིར་ཞེས་པ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཞེས་སྟོན། བྱིས་པ་རྣམས་ཀྱིས་ཞེས་པ་སོ་སྐྱེ་སྟེ་སྤྱིར་བསྟན། འོ་ན་སྐྱེ་བོ་ཀུན་གྱིས་རུང་ངམ་སྙམ་ན་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་རུང་གི་དེ་མ་ཡིན་པའི་ཐ་མལ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་སྟོན་གྱིས། མདོར་ན་དབང་ཐོབ་དམ་ལྡན་གྱི་ལྷའི་རྣལ་འབྱོར་ལ་གནས་པ་ཞིག་གིས་ཇི་སྐད་བཤད་པའི་ཚོགས་རྫས་བསྟེན་རུང་བར་བསྟན། གང་དག་གི་སྔགས་ཀྱི་སྟོབས་ཀྱིས་སམ་བརྟན་པ་ཐོབ་པའི་གང་ཟག་གིས་ཚོགས་འཁོར་བྱ་ཚུལ་དང་། སྦྱངས་རྟོགས་སྦར་གསུམ་གྱི་ཚུལ་རྣམས་རྒྱས་པར་བསྟན་ནོ། །ལུང་ཕྱི་མའི་དོན་ནི་ཚོགས་འཁོར་གྱི་ཚུལ་རྣམས་གསང་ཞིང་སྦ་བ་དང་། གསང་སྤྱོད་བག་ཡངས་སུ་མི་འགྱུར་བའི་ཕྱིར་གང་ཐོད་དུ་བྱ་བ་བཀག་པ་ཡིན་ཏེ། དགེ་སློང་རྣམས་ལ་ཞེས་སོགས་ནི་དངོས་སུ་དགོངས་ལ། དེ་མིན་ན་དགེ་སློང་སྔགས་ཀྱི་རྣལ་འབྱོར་པ་མཆོག་ཏུ་གསུངས་པ་སོགས་མི་འགྲིག་པ་དུ་མ་ཡོད་པའི་ཕྱིར། གཞན་དུ་དབང་བཞི་དང་ལམ་བཞི་སོགས་ཉམས་ལེན་ཡིན་པ་དགག་བྱར་ཐལ། གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་སོགས་གསུངས་པའི་ཕྱིར་ཞེས་དང་། དེའི་རྗེས་སུ་དེས་ན་བཤད་པར་བྱ་སྟེ། རྗེ་བཙུན་ཆེན་པོས། དེ་ལས་སངས་རྒྱས་ཐོབ་པའི་རྒྱུ། །བསོད་ནམས་ཡེ་ཤེས་ཚོགས་ཡིན་ཏེ། །ཞེས་སོགས་དང་། གཞན་ཚོགས་རྫས་ངོས་འཛིན་པའི་ལུང་དང་། ཚོགས་འཁོར་གྱི་ཕན་ཡོན་སྟོན་པའི་ལུང་སོགས་ཁ་ཡར་ཞིག་དྲངས་པའི་མཐར་ཞེས་རབ་ཏུ་མྱོས་པའི་ཆང་མི་བཏུང་། ཆགས་སྡང་གི་གཏམ་མི་བྱ། ཁ་དྲག་དང་རྩོད་པ་མི་བྱེད་ཅེས་