R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༤ན
[A:༩༤ན]གསུངས་ན་སྦྱངས་རྟོགས་སྦར་གསུམ་ནུས་པའི་རྣལ་འབྱོར་པ་ལ་བསླབ་བྱ་དེ་འདྲ་ཅི་དགོས་ཏེ་ཁྱད་པར་གྱི་དམ་ཚིག་སྣུབ་པར་བྱེད་པའི་ཐན་སྐད་ཡིན་ནོ། གཞན་ཡང་ལམ་འདིར་ཞུགས་པའི་རབ་བྱུང་སོགས་ཀྱིས་འདི་ནས་བཤད་པའི་ཚོགས་འཁོར་བྱ་རུང་སྟེ། འདི་ནས་གསུངས་པའི་རྣལ་འབྱོར་པ་ཡིན་པའི་ཕྱིར་ཞེས་སོགས་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་ངོར་རྫོང་གཉིས་པོ་བཟའ་བའི་དམ་ཚིག་ཚོགས་འཁོར་གྱི་རྣམ་གཞག་ལ་བརྒལ་ལན་གྱི་སྤྲོས་པ་སོ་སོ་ནས་ཤིན་ཏུ་ཆེ་ཡང་། དོན་གྱི་སྙིང་པོ་ནི་རྫོང་ལུགས་པ་དག་ལྗོན་ཤིང་དང་ཆོས་རྗེ་པའི་ཚོགས་འཁོར་གྱི་ཡི་གེ་གཉིས་ཆར་ལས་ཚོགས་འཁོར་ལ་དབྱེ་སྒོ་མང་དུ་གསུངས་པ་རྣམས་ཚོགས་འཁོར་མཚན་ཉིད་པ་རང་དུ་བཞེད་ཅིང་། དེའི་རྒྱུ་མཚན་གྱིས་ཚོགས་འཁོར་ལ་ཚིམ་པ་དྲུག་དངོས་སུ་མེད་ཀྱང་། ཡེ་ཤེས་ཀྱི་ཕྱག་རྒྱའམ་དཔའ་མོ་ལ་བརྟེན་པས་ཆོག་ཅིང་། ཚོགས་འཁོར་མཚན་ཉིད་པ་དང་རྗེས་སུ་མཐུན་པའི་ཐ་སྙད་རྗེ་བཙུན་གོང་མས་བཤད་པ་མེད། རབ་བྱུང་གིས་བྱ་བའི་ཚོགས་འཁོར་དང་རྣལ་འབྱོར་པས་བྱ་བའི་ཚོགས་འཁོར་གཉིས་སུ་གསུངས་པའི་དང་པོ་དེ་གཞན་ལུགས་དང་། ས་སྐྱ་པ་རང་ལུགས་ཐུན་མོང་མ་ཡིན་པ་ནི། ཆོས་རྗེའི་བཤད་ཚུལ་ཕྱི་མ་རྣལ་འབྱོར་པས་བྱ་བའི་ཚོགས་འཁོར་གྱི་རྣམ་གཞག་འདི་ཡིན། དེས་ན་ངོར་ལུགས་ནི་དུས་ཁྱད་པར་ཅན་ལ་དཔའ་བོའི་སྟོན་མོ་ཙམ་ཡང་མི་བྱེད་པས་ཁྱད་པར་ཅན་གྱི་བཟའ་བའི་དམ་ཚིག་མེད་པར་འགྱུར་རོ་ཞེས་གསུངས་པར་སྣང་ངོ་། །ངོར་ལུགས་པ་རྣམས་ཁུ་དབོན་གཉིས་ཀྱིས་ཚོགས་འཁོར་གྱི་དབྱེ་བར་བཤད་པ་དེ་དག་མིང་གི་རྣམ་གྲངས་ཙམ་