R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༩ན
[A:༩༩ན]ལ་མ་ཞུས་པས་ཁྲོན་པར་ལྟུང་བའི་རྡོ་བ་བཞིན་དུ་རིག་པར་བྱ་ཞིང་ཞེས་སོགས་ཀྱི་བར་བྲིས་པའི་སྒོ་ནས་གཞན་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་མྱོང་བ་ལ་དགའ་བ་བསྒོམ་ཞིང་ཡིད་སྨོན་བཏབ་པས་བྱམས་པའི་སེམས་སྤང་བར་འགྱུར་བའི་ཕྱིར་ཞེས་བཤད་ཅིང་། ཡང་གྲུབ་པའི་དགའ་སྟོན་ལས་དབང་གསུམ་པའི་སྐབས་སུ་དགེ་སློང་རྡོ་རྗེ་འཛིན་པས་ཆགས་པའི་གཏམ་སྨྲས་པས་ལྷག་མའི་ལྟུང་བར་འགྱུར་བ་དང་། དམ་བཞག་སོགས་ཀྱི་སྐབས་སུ་ཁྱོད་ཀྱི་རྡོ་རྗེ་འཆང་ང་ཡིན་གྱི་ཞེས་སོགས་ལ་འཕམ་པར་འགྱུར་དགོས་ན་ཚོགས་འཁོར་ལས་འཇིགས་པ་དབང་བསྐུར་བ་ཡང་འགེགས་དགོས་སོ་ཞེས་སོགས་གསུངས་པའི་ལན་དུ། རྗེ་བསོད་ནམས་རབ་བརྟན་གྱིས། འཁྲིག་ཚིག་སྨྲ་བའི་ལྷག་མར་འགྱུར་བ་ལ་ཆགས་སེམས་ཀྱིས་ཀུན་ནས་བསླངས་པ་ཞིག་དགོས་ལ། དབང་གསུམ་པའི་སྐབས་སུ་དེ་ལྟར་སྨྲ་བ་ནི་དབང་གི་ཡེ་ཤེས་ངོས་ཟིན་པའི་ཆེད་ཡིན་པས་མི་མཚུངས་སོ། གལ་ཏེ་ཚོགས་འཁོར་གྱི་ཚེའང་ཤ་ཆང་སོགས་ལ་སྲེད་པའི་སྒོ་ནས་མ་ཡིན་པར་ལྷ་མཆོད་པའི་བསམ་པས་ཚོགས་རྫོགས་པའི་ཆེད་ཡིན་པས་མཚུངས་སོ་ཞེ་ན། ཚོགས་འཁོར་གྱི་ཚེ་དགེ་སློང་རྡོ་རྗེ་འཛིན་པས་ཤ་ཆང་ཅུང་ཟད་བསྟེན་པ་ནི་ངེད་ཀྱང་འདོད་ལ། མང་དུ་ལོངས་སྤྱོད་ན་དྲན་པ་ཉམས་ནས་བག་མེད་ཀྱི་སྤྱོད་པ་དང་། གཞན་མ་དད་པ་སོགས་སུ་འགྱུར་དོགས་ནས་མང་དུ་ལོངས་སྤྱོད་པ་དེ་བཀག་པ་ཡིན་ལ། དབང་གསུམ་པའི་ཚེ་ཆགས་པའི་གཏམ་སྨྲ་བ་ཙམ་གྱིས་དྲན་ཤེས་ཉམས་ནས་བག་མེད་ཀྱི་སྤྱོད་པ་དང་། གཞན་མ་དད་པ་སོགས་སུ་མི་འགྱུར་བའི་ཕྱིར། དམ་བཞག་གི་ཚེའང་དེ་