R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༨བ
[A:༩༨བ]གྱིས། ཁམས་ཀྱིས་འཆུན་ཚད་ལོངས་སྤྱོད་པའི་དོན་མིན་ལ། དེས་ན་རྗེ་བཙུན་གོང་མ་རྣམས་ཀྱིས་ཚོགས་འཁོར་ལུགས་གཉིས་གསུངས་པ་ཡང་ཏིང་ངེ་འཛིན་མི་བརྟན་པའི་སྡོམ་བརྩོན་ལ་ཤ་ཆང་སོགས་མང་པོ་བསྟེན་ན་བཅས་འགལ་གྱི་ཉེས་པ་དང་། དེ་བརྟན་པ་རྣམས་ལ་གཞན་མ་དད་པ་སོགས་ཀྱི་ཉེས་པར་འགྱུར་དུ་དོགས་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེའི་རྗེས་སུ་འབྲངས་ནས་ཐར་འདོད་རྣམས་ལ་བླང་དོར་གྱི་གནས་ཚུལ་བཞིན་སྟོན་པའི་བཤེས་གཉེན་ལ་ཕྲག་དོག་སོགས་ཀྱིས་སྐུར་འདེབས་མི་རིགས་ཞེས་པའི་ལན་འདེབས་མཛད་དོ། །ཡང་གྲུབ་པའི་དགའ་སྟོན་དུ་ཚོགས་འཁོར་གྱི་ཚེ་ཤ་ཆང་བཀག་པ་ལ་ལེགས་པར་བརྟགས་ན་རྩ་ལྟུང་དུ་མི་འགྱུར་བ་མེད་དོ་ཞེས་སོགས་རྩ་ལྟུང་དང་པོ་ནས་བཅུ་བཞི་པའི་བར་ཐམས་ཅད་རྗེ་ངོར་ཆེན་ཉིད་ལ་བྱུང་བར་བཤད་པའི་ལན་དུ། རྗེ་བསོད་ནམས་རབ་བརྟན་གྱིས་འདི་དག་ནི་རང་ཁོ་ན་མཆོག་དང་། གཞན་ཉེས་ཅན་དུ་ཀུན་གྱིས་མཐོང་ན་སྙམ་པའི་རང་འདོད་ཁོང་ཚང་དུ་སྣང་བས་དགག་བསྒྲུབ་ཀྱིས་ག་ལ་ལང་། འོན་ཀྱང་དེ་ལྟར་སྨྲ་བ་པོ་རང་ཉན་ཐོས་ལྟར་ན་གཞན་ལ་སྐུར་འདེབས་ཀྱི་ལྷག་མ་དང་། རྡོ་རྗེ་ཐེག་པ་ལྟར་ན་རྩ་ལྟུང་བཞི་པས་གོས་པར་སོང་སྟེ། དེ་བས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཞབས་ཡང་དག་པའི་དགེ་བའི་བཤེས་གཉེན་དུ་བྱེད་ན་སྨྲ་ངན་འདིའི་འགྲོ་བ་ནི་ཅིར་འགྱུར། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། །དེ་བས་སྡུག་བསྔལ་མྱོང་འགྱུར་ཏེ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་པའི་དོན་རྟོགས་པར་བྱའོ་ཞེས་པ་ནས། ཉེས་པ་འདི་རྣམས་བྱས་པའི་རྗེས་ལ་ནི་དབང་ཡང་གཞན་