R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༩བ
[A:༩༩བ]ལྟར་སྨྲས་པས་བརྫུན་སྨྲ་བའི་ཕམ་པར་མི་འགྱུར་ཏེ། ཉན་ཐོས་ཀྱི་ལུགས་ལ་དེར་འགྱུར་བ་ལ་དྲན་ཤེས་བཞིན་གྱིས་ཟིན་པ་ཞིག་དགོས་ཤིང་། རྡོ་རྗེ་ཐེག་པའི་སྐབས་སུ་རང་ཉིད་སངས་རྒྱས་སུ་བསྐྱེད་ཅིང་སངས་རྒྱས་སུ་གསལ་བའི་སྒོ་ནས་དེ་ལྟར་སྨྲ་བ་ལ་ཕམ་པར་ག་ལ་འགྱུར་ཞེས་གསུངས་སོ། །ཡང་རྡོ་རྗེ་གདན་པ་ཆེན་པོའི་གྲུབ་པའི་དགའ་སྟོན་ལས་གསང་བ་ཀུན་རྒྱན་ལས་འབྱུང་བ་འགོག་པའི་ཚེ། ཐོག་མར་འདིར་རབ་ཏུ་བྱུང་བ་སྡོམ་བརྩོན་རྣམས་ཀྱིས་ཚོགས་འཁོར་བྱེད་ན་ཞེས་སོགས་གསང་བ་ཀུན་རྒྱན་ལས་འབྱུང་ཚུལ་གོང་དུ་བཀོད་པ་དེ་རྣམས་ཕྱོགས་སྔར་བཤད་ནས། དེ་དགག་པ་ནི་སྐྱེས་བུ་གང་དག་གཞན་ལ་ཞེ་སྡང་བཞིན་དུ་ཆང་གིས་མྱོས་ན་སྨྲ་བ་ཐམས་ཅད་ལ་གོ་རིམ་མེད་ཅིང་རང་གི་ཕྱོགས་བློས་བཏང་ནས་ལྡབ་ལྡིབ་ཏུ་སྨྲ་བར་བྱེད་པ་ལྟར། ཁྱོད་ཀྱང་བླ་བྲང་གི་ཆགས་སྡང་གིས་སྙིགས་དུས་ཀྱི་ཐུབ་པ་རྡོ་རྗེ་འཆང་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལ་ཞེ་སྡང་བཞིན་དུ་མི་ཤེས་པས་མྱོས་ཏེ་ལུང་རིགས་དང་བྲལ་ཞིང་། རྡོ་རྗེ་ཐེག་པའི་ཉམས་ལེན་ཐམས་ཅད་བློས་བཏང་ནས་ངན་གཡོའི་རྩོམ་པ་འབའ་ཞིག་བྱེད་པར་ཟད་མོད། རིགས་པ་དང་འགལ་བ་ནི་ཅི་དགེ་སློང་རྡོ་རྗེ་འཛིན་པས་སྔགས་ཀྱི་ཉམས་ལེན་བྱེད་པ་ནི་གང་འདུལ་བ་དང་མི་མཐུན་པ་དེའི་ཚེ་སྔགས་གཙོ་ཆེ་བ་ཞིག་གམ། འདུལ་བ་གཙོ་ཆེ་བ་ཞིག དང་པོ་ལྟར་ན་ཚོགས་འཁོར་གྱི་ཚེ་འདུལ་བ་དང་མ་མཐུན་ཅེས་སུན་དབྱུང་དུ་ཅི་ཡོད། ཕྱི་མ་ལྟར་ན་དགེ་སློང་རྡོར་འཛིན་གྱིས་འདོད་ཡོན་བསྟེན་བྱར་མི་བྱེད་པར་ཐལ། ཐེག་པ་ཐུན་མོང་བས་འདོད་ཡོན་སྤོང་བ་གང་ཞིག གོང་མ་ལས་འོག་མ་གཙོ་ཆེ་བའི་ཕྱིར། ཕྱི་མ་ཁས། འདོད་ན་