R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༡བ
[A:༡༠༡བ]དུ། དགག་ལན་དེར་དུས་འཁོར་རང་རྐང་གི་ཉམས་ལེན་བྱེད་པའི་གང་ཟག་དེས་བླ་མེད་སྤྱི་ནས་བཤད་པའི་རྩ་ལྟུང་བཅུ་གསུམ་པ་བསྲུང་མི་དགོས་པར་ཐལ། བླ་མེད་སྤྱི་ལ་ཚོགས་འཁོར་གྱི་ཚེ་ཤ་ཆང་མ་བསྟེན་ན་རྩ་ལྟུང་བཅུ་གསུམ་པ་འབྱུང་བ་གང་ཞིག དེས་དུས་འཁོར་ནས་གསུངས་པའི་ཤ་ཆང་མ་བསྟེན་པའི་ཚོགས་འཁོར་བྱས་པས་དེ་མཚན་ཉིད་པར་འགྱུར་བའི་ཕྱིར། རྟགས་གཉིས་ཆར་ཁས། འདོད་ན། བླ་མེད་ཀྱི་དཀྱིལ་འཁོར་རེ་རེ་ལ་བསྲུང་བྱ་རྩ་ལྟུང་མི་འདྲ་བ་རེ་རེ་ཡོད་པར་འགྱུར་ཞིང་། དེ་འདོད་ན་དུས་འཁོར་གྱི་དཀྱིལ་འཁོར་དུ་ཐོབ་པའི་སྔགས་སྡོམ་ལ་རྩ་ལྟུང་གིས་མ་གོས་ལ། ཀྱེ་རྡོར་གྱི་དཀྱིལ་འཁོར་དུ་ཐོབ་པའི་སྔགས་སྡོམ་ལ་རྩ་ལྟུང་གིས་གོས་པའི་གང་ཟག་ཡོད་དགོས། དེའང་འདོད་ན་རྩ་ལྟུང་གིས་གོས་པ་དང་། དེས་མ་གོས་པའི་སྔགས་སྡོམ་དང་ལྡན་པའི་གང་ཟག་ཡོད་པ་འདོད་དགོས་འབྱུང་ཞིང་། གཞན་ཡང་དུས་འཁོར་དང་ཀྱེ་རྡོར་གཉིས་ཆར་གྱི་དབང་ཐོབ་པའི་རྡོར་འཛིན་དེས་ཚོགས་འཁོར་བྱ་མི་རུང་བར་ཐལ། དེས་ཤ་ཆང་ལ་བརྟེན་པའི་ཀྱེ་རྡོར་སོགས་བླ་མེད་སྤྱི་ལུགས་ཀྱི་ཚོགས་འཁོར་བྱས་ན་དུས་འཁོར་དང་འགལ། ཤ་ཆང་མེད་པའི་དུས་འཁོར་ལུགས་ཀྱི་ཚོགས་འཁོར་བྱས་ན་བླ་མེད་སྤྱི་དང་འགལ་བར་འགྱུར་བས་སོ་ཞེས་གསུངས་སོ། །ཡང་གྲུབ་པའི་དགའ་སྟོན་དུ་ས་པཎ་དང་འགལ་སྤོང་གི་སྐབས་སུ་ཁྱེད་ཀྱིས་རབ་བྱུང་མཆོག་དང་། རྣལ་འབྱོར་པ་ཁྱིམ་པའམ་དམན་པར་བཟུང་བས་ནོངས་ལ་ཞེས་སོགས་ཀྱི་ལན་ལ། རྗེ་བསོད་ནམས་རབ་བརྟན་གྱིས་སྔར་གྱི་དེ་འདྲ་བ་ཞིག་གི་ལན་འདེབས་གསུངས་ཤིང་། མདོར་ན་དཀར་པོ་རྣམ་གསུམ་དང་མི་མཐུན་