R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༢ན
[A:༡༠༢ན]པ་ནི་ཉན་ཐོས་ལ་རྩོད་སྤོང་མཛད་པས་ཀྱང་ཤེས་ཏེ། ཁྱེད་ལྟར་ན་ཉན་ཐོས་ཀྱི་རྩོད་སྤོང་དོན་མེད་པས་སོ་ཞེས་གསུངས་པའི་ལན་དུ། ཉན་ཐོས་ཀྱི་བསླབ་ལྡན་ཐམས་ཅད་འདིའི་རྩོད་སྤོང་གི་ཡུལ་དུ་བཟུང་བས་ཉེས་ཏེ། ཉན་ཐོས་ལུགས་ཀྱི་བསླབ་པ་དང་ལྡན་ཅིང་བླ་མེད་ཀྱི་རྒྱུད་སྨིན་པའི་དགེ་སློང་རྡོར་འཛིན་མེད་པར་ཐལ། ཉན་ཐོས་ལུགས་ཀྱི་བསླབ་ལྡན་ཡིན་ན་འདིའི་རྩོད་སྤོང་གི་ཡུལ་ཡིན་དགོས། བླ་མེད་ཀྱི་རྡོར་འཛིན་ཡིན་ན་དེ་མ་ཡིན་དགོས་པའི་ཕྱིར། རྟགས་དང་པོ་ནི་དཀར་པོ་རྣམ་གསུམ་དང་མི་མཐུན་པ་ནི་ཞེས་སོགས་ཀྱི་རྣམ་དཔྱད་ལས་ཁྱེད་རང་གིས་ཁས་བླངས། དེས་ན་ཉན་ཐོས་ཀྱི་སྒྲ་འཇུག་པ་ཙམ་ལ་ཉན་ཐོས་ཀྱི་གྲུབ་མཐའ་རང་ལུགས་སུ་སྨྲ་བ་ཉན་ཐོས་སྡེ་གཉིས་ལྟ་བུ་དང་། ཉན་ཐོས་ཀྱི་ལྟ་སྤྱོད་དང་ལྡན་པ་ཉན་ཐོས་རང་རྒྱུད་པ་གཉིས་ལས་ས་པཎ་གྱིས་ཚོགས་འཁོར་རྩོད་སྤོང་མཛད་པའི་ཡུལ་ནི་སྔ་མ་རྣམས་སོ། ཉན་ཐོས་ཀྱི་བསླབ་པ་དང་ལྡན་པ་ལ་འདིའི་རྩོད་སྤོང་གི་ཡུལ་དང་། དེ་མིན་པ་གཉིས་སུ་ཡོད་ཅེས་གསུངས་སོ། །ཡང་གྲུབ་པའི་དཀའ་སྟོན་དུ། འོན་ཏེ་ཆོས་རྗེས་རབ་ཏུ་བྱུང་བ་སྡོམ་བརྩོན་གྱི་ལུགས་ནི་ཞེས་སོགས་གསུངས་པ་ཅི་ཞེ་ན། དེ་ནི་རབ་བྱུང་དམན་པ་རྣམས་ལ་ཐབས་མཁས་གསུངས་པ་ཡིན་གྱི། དེས་མཆོག་ལ་གཞན་མི་འགེགས་པ་ནི་ཞེས་སོགས་ཀྱི་ལན་དུ། རྗེ་བསོད་ནམས་རབ་བརྟན་གྱིས་འདིའི་རབ་བྱུང་དམན་པ་དེ་རྡོ་རྗེ་ཐེག་པའི་སྒོར་མ་ཞུགས་པའི་རབ་བྱུང་ལ་བྱའམ། དེར་བཞུགས་ཀྱང་རིམ་གཉིས་མི་བརྟན་པའི་རབ་བྱུང་ལ་བྱ། དང་པོ་ལྟར་ན་དཔྱོད་མི་དགོས། གཉིས་པ་ལྟར་ན་ངེད་དང་མཐུན་ཏེ་དེང་སང་ཚོགས་