R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༡ན
[A:༡༠༡ན]གོ་ལོག་ཅེས་པའང་རབ་བྱུང་ཡིན་ན་རྣལ་འབྱོར་པ་ལས་དམན་པས་ཁྱབ་པ་ལ་ཟེར་ན། ཤཱཀྱ་ཐུབ་པ་རབ་བྱུང་མིན་པའམ་རྣལ་འབྱོར་པ་ལས་དམན་པ་གང་རུང་ལས་མ་འདས་ཤིང་། རྒྱུད་ལས། རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མ་འོ། །ཞེས་སོགས་མ་མཐོང་བར་ཟད་དོ་ཞེས་གསུངས་སོ། །ཡང་རྡོ་རྗེ་གདན་པ་ཆེན་པོའི་གྲུབ་པའི་དགའ་སྟོན་ལས་རྒྱ་ལ་ཤ་ཆང་དབེན་པར་བསྟེན་པ་གཞན་གྱིས་ཐོས་ན་མ་དད་ཀྱིས་དོགས་ན། བསྟེན་དུས་མི་བསྟེན་པའི་ཉེས་པར་བྱེད་པ་ནི། དམ་ཚིག་གི་རྫས་རྣམས་མ་བསྟེན་ན་རྡོ་རྗེ་མཁའ་འགྲོ་རྣམས་མི་མཉེས་པར་བྱེད་པའོ་ཞེས་རྗེ་བཙུན་གྱིས་གསུངས་པས། མཁའ་འགྲོ་མ་མ་མཉེས་པ་དང་འཇིག་རྟེན་པ་མ་དད་པ་གཉིས་གང་ཉེས་པ་ཆེ་སོམས་ཤིག་ཅེས་གསུངས་པའི་ལན་དུ། ཆོས་རྗེ་བསོད་ནམས་རབ་བརྟན་གྱི་གསུང་དེ་ལས་ཁྱེད་རང་གི་རྩོད་སྤོང་གི་སྐབས་སུ་བཤང་གཅི་སོགས་ནི་བདུད་རྩིར་མི་ནུས་བཞིན་དུ་ཟོས་ན་འཇིག་རྟེན་པས་དམོད་པར་འགྱུར་ཞིང་ཞེས་སོགས་བྲིས་པ་ལའང་མཚུངས་ཏེ། བཤང་གཅི་སོགས་ཟོས་པ་ལ་འཇིག་རྟེན་པ་མ་དད་པ་དང་། མཁའ་འགྲོ་མ་མ་མཉེས་པ་གང་ཉེས་པ་ཆེ་སོམས་ཤིག་ཅེས་གསུངས། ཡང་གྲུབ་པའི་དགའ་སྟོན་ལས་དུས་འཁོར་དང་འགལ་བའི་རྩོད་སྤོང་གི་ཚེ། འདིར་ཕྱོགས་སྔ་སྨྲ་བ་པོ་ལ་ནི་མང་དུ་སྨྲ་ཅི་དགོས། དུས་འཁོར་གྱི་ཆོས་སྐད་རྣམས་དང་རྒྱུད་སྡེ་གཞན་རྣམས་མི་མཐུན་པ་མང་བས་ལུགས་ཕན་ཚུན་མི་བསྲེ་བར་ཆོས་སྐད་རང་རྐང་ཚུགས་པ་འདོད་དགོས་སོ་ཞེས་སྨྲས་ན་ཅི་ཞིག་སྨྲ་ཡོངས་ཞེས་པའི་ལན་