R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༩བ
[A:༡༠༩བ]འདི་ལ་ཞིབ་ཏུ་གཟིགས་ལ་ལན་ཡོད་ན་དྲང་པོར་གསུངས་ཤིག དེའང་འདི་ལྟར་གསུངས་ཏེ། གང་ཟག་གི་བྱེ་བྲག་གསུམ་དུ་བཀྲི་བའི་གཞུང་ཤིང་ཞེས་པ་འདི་གླེགས་བམ་ཕལ་མོ་ཆེར་མ་ཚང་ལ། ཁ་ཅིག་ཏུ། གང་ཟག་རིགས་ཀྱི་དབྱེ་བས་ལམ་གྱི་འཁྲིད། །བརྗེད་པའི་དྲན་པ་གསོ་ཕྱིར་ཐོ་ཙམ་བྲིས། །ཞེས་པའི་ཚིག་ཡོད་པའི་དཔེ་ཆུང་མང་བ་ཞིག་ཡོད་པ་དང་། གླེགས་བམ་ཁ་ཅིག་ཏུ་ཤོག་གཅིག་མ་ཆུང་ངུ་ཞིག་བྲིས་པ་སྟེ་མི་འདྲ་བ་གཉིས་སྣང་བ་ལས། དང་པོ་དཔེ་ཆུང་མང་བ་འདི་ནི་རྗེས་འབྲང་ཁ་ཅིག་གིས་བྱས་པ་ཡིན་གྱིས། རྗེ་བཙུན་ཡབ་སྲས་ཀྱིས་མཛད་པ་མ་ཡིན་ཏེ་ནོར་བའི་ཚོགས་མང་དུ་སྣང་བའི་ཕྱིར་ཞེས་སོགས་དཔྱད་པ་མཛད་པ་དེ་བཀོད་ནས། ཐོ་ཡིག་ཆུང་ངུ་འདིར་དཔྱད་པ་མཛད་པར་སྣང་བ་འདིའི་དོན་ལ་ལེགས་པར་སོམས་ཤིག་ཅེས་གསུངས་ལ། ཡང་མུས་སྲད་པ་ཆེན་པོས་དེར་མ་ཟད་རྗེས་འབྲངས་དེ་དག་གིས་རྗེ་བཙུན་གྱི་དཀར་ཆག་ལས་གཞུང་ཤིང་བཞིའི་ཁྲིད་ཀྱི་ཡི་གེ་ཡོད་པར་བཤད་ཅིང་། སྔར་གྱི་ཡི་གེ་རྙིང་པ་དེ་བཀག་པས་དེའི་ཧོར་ཀོང་བསབ་པའི་དོན་དུ་རང་བློས་སྦྱར་བའི་དབང་པོ་རབ་འབྲིང་གསུམ་གྱིས་བཀྲི་བའི་གཞུང་ཤིང་གི་ཡི་གེ་བྱས་གསུངས་ནས་ཐོ་ཡིག་དེ་འདྲི་བར་མཛད་དེ་སྒོ་རུམ་དཔེ་ཁང་ནས་རྙེད་དོ་ཞེས་ཟེར་རོ་ཞེས་ཕྱོགས་སྔ་བཀོད་ནས། དེ་ནི་མི་འཐད་དེ་ཁྱེད་རང་ཡན་ཆད་ཀྱི་གང་ཟག་སུ་ལའང་དེ་ཡོད་པར་མ་གྲགས་ལ། གྲགས་ན་ལམ་འབྲས་དར་བ་ལྟར་ཡི་གེ་དེའང་དར་དགོས་པ་ལས་རྙིང་པ་རེ་རེ་ཙམ་ཡང་མ་མཐོང་ཞིང་། དོན་ལའང་སྐྱོན་ཆེར་ཡོད་དེ་ཞེས་སྒྲུབ་བྱེད་ཀྱང་འགོད་པར་མཛད་དོ། །དེའི་ལན་དུ་གློ་བོ་མཁན་ཆེན་རིན་པོ་ཆེས་ཁྱེད་ཀྱིས་