R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༠ན
[A:༡༡༠ན]ངེད་ཀྱི་ཕྱོགས་ལ་རང་དགར་བྲིས་པ་ཡིན་ནོ་ཟེར་བའི་ཡིག་འཕྲེང་ཕྱེད་གསུམ་ཙམ་བྱས་པའི་ཚིག་རྣམས་ནི་ངེད་རང་གི་ལུགས་ཀྱི་གླེགས་བམ་རྣམས་ཀྱི་ནང་དུ་བྲིས་པ་མེད་ཅིང་། དེ་ལས་ཅུང་ཟད་ཙམ་གྱིས་མང་བའི་ཤོག་གཅིག་མ་ཞིག་ཡོད་པ་ལ་ནི་ཞེས་གསུངས་ནས་ཡི་གེ་དེ་འདྲི་བར་མཛད་པའི་རྗེས་སུ། འདི་མངའ་རིས་གུང་ཐང་གི་སྒོ་མང་ཆེན་པོའི་ཕྱག་དཔེ་རྙིང་པ་ཞིག་ལ་བྲིས་པའང་མཐོང་ཞིང་ཞེས་གསུངས་ནས། ཡི་གེ་དེ་ཉིད་ཀྱི་དོན་ཡང་བཀྲོལ་བར་མཛད་ལ། ཡང་བཞི་པ་ས་པཎ་གྱི་བཀའ་བསྒྲུབ་ལ། མུས་སྲད་པ་ཆེན་པོས་རྗེས་འབྲང་ཁ་ཅིག་སྔོན་འགྲོའི་ཁྲིད་བཀག་པ་དང་ཕོ་བྲང་དྲུག་ཏུ་འདོད་པ་གཉུག་མ་དྲན་གསལ་གྱི་ལུགས་བསྲེས་པ་ཡིན་ནོ་ཞེས་ཕོ་བྲང་དྲུག་དང་། དབང་པོ་རབ་འབྲིང་གསུམ་གྱིས་བཀྲི་བའི་གཞུང་ཤིང་གི་ཡི་གེ་བཀག་པ་དང་། ཡི་གེ་འདིར་དེ་དག་གསལ་བར་བཤད་པས་རང་གི་གྲུབ་མཐའ་ལ་གནོད་དོགས་ནས་དགག་པ་བྱེད་མོད་ཅེས་ཕྱོགས་སྔ་བརྗོད་ནས། དེ་འགོག་པ་ན། འདིའི་གསལ་བྱེད་ཟང་ཚའི་ཟིན་བྲིས་ཡོད་པ་དང་། བླ་མ་དམ་པས་གཞུང་ཤིང་བཞིའི་ཡི་གེར་ཐུན་གྱི་སྔོན་འགྲོ་སོགས་འདི་ཉིད་ཚད་མར་མཛད་ནས་བཤད་ཅིང་། ངོ་མཚར་སྣང་བར་འདིའི་མཚན་ནས་སྨོས་པ་དང་། ཚོགས་སྒོམ་པའི་སློབ་མ་ཉན་གཉགས་གཉིས་ཀྱི་ཁྲིད་ཡིག་ཏུ་ཁྲིད་ཀྱི་སྔོན་འགྲོ་དང་། ཐུན་གྱི་སྔོན་འགྲོ་སོགས་འདི་དང་མཐུན་པར་འབྱུང་བ་དང་། ཆོས་རྗེ་གཟུངས་པས་བླ་མ་ཀླུ་པའི་དྲིས་ལན་དུ་ཡི་གེ་འདི་ཚད་མར་བྱས་ནས་ལན་མཛད་པས་བླ་མ་དེ་དག་འདི་ཚད་མར་བཞེད་པ་གྲུབ། གང་ཟག་དེ་ཙམ་གྱིས་ཚད་མར་མཛད་པས་