R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༩ན
[A:༡༠༩ན]གྲགས་པ་འདི། རྗེ་བཙུན་གྱི་དངོས་སློབ་སྤྱིལ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་གྱིས་རྗེ་བཙུན་གྱི་གསུང་སྒྲོས་བསྐྱར་བ་ལས། རྗེ་བཙུན་ཆེན་པོའི་ཞལ་ནས་རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་སྟོན་པའི་ཡི་གེ་ཞིག་བྱེད་འདོད་པ་ཡིན་པ་ལ་མ་གྲུབ་ཅེས་གསུང་བར་དངོས་སུ་བཤད་འདུག་པས། རྗེ་བཙུན་གྱི་དངོས་སློབ་འདི་ཉིད་རྗེ་བཙུན་གྱི་གསུང་ལ་རྒྱུས་ཆེ་བར་བྱེད་དགོས་སོ། དེས་ན་བརྒྱུད་པ་འདི་པ་རྣམས་ནི་སམྦུ་ཊའི་ཊཱིཀ་ཆེན་དུ་བཤད་པ་གཞིར་བྱས་ནས་རྗེ་བཙུན་དང་ས་པཎ་གཉིས་ཀའི་དངོས་སློབ་ཤར་པ་ཤེས་རབ་འབྱུང་གནས་ཀྱིས་མཛད་པའི་རྡོར་དྲིལ་གྱི་དེ་ཁོ་ན་ཉིད་ཞིབ་ཏུ་བཤད་པ་དེ་གཙོ་ཆེ་བར་མཛད་དོ་ཞེས་གསུངས་ཤིང་། ཡང་གཉིས་པ་དབང་པོ་རབ་འབྲིང་གསུམ་གྱིས་བཀྲི་བའི་གཞུང་ཤིང་རྗེ་བཙུན་གྱིས་བཀར་བསྒྲུབ་པ་ལ། མུས་སྲད་པའི་བཀའ་སྒྲུབ་ལེའུར་རྗེས་འབྲངས་ཁ་ཅིག་ལམ་འབྲས་ཀྱི་སྔོན་འགྲོའི་ཁྲིད་བཀག་པས་ཕྱིས་སུ་ཡི་གེ་འདི་ཉིད་དང་འགལ་བར་མཐོང་སྟེ་རང་གི་གྲུབ་མཐའ་ལ་མི་གནོད་པའི་ཕྱིར་རྗེ་བཙུན་གྱི་གསུང་མ་ཡིན་ནོ་ཞེས་དགག་མོད། མི་འཐད་དེ། རྗེ་བཙུན་གྱིས་དཀར་ཆག་ལས་གསུངས་པ་ལྟར་ཡི་གེ་ལྷག་ཡོད་མེད་ཕྱེ་ནས་རྣམ་དག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས། མཁས་གྲུབ་ཀྱི་སློབ་མ་མང་པོ་ལ་བཤད་དེ་དེང་སང་གི་བར་དུ་ཡི་གེ་དུ་མ་དང་བཅས་དར་བ་འདི་ལ་སུ་ཞིག་གིས་སྨྱོན་འདིང་ནའང་རང་གིས་དེ་ཉིད་མ་གོ་བར་བྱེད་པ་ཡིན་པའི་ཕྱིར་དང་། ས་པཎ་དང་བླ་མ་དམ་པ་རྣམས་ཀྱིས་ཚད་མར་བཞག་པའི་ཕྱིར་ཞེས་གསུངས་པའི་ལན་དུ། རྗེ་བཙུན་བསོད་ནམས་ལྷུན་གྲུབ་ཀྱིས་བླ་མ་ཆོས་རྗེ་རྡོ་རྗེ་འཆང་ཆེན་པོས་དཔྱད་པ་ཅུང་ཟད་མཛད་པ་