R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༠བ
[A:༡༡༠བ]ཚད་མར་མི་འགྲུབ་ན་ཧ་ཅང་ཐལ་ལ་རྗེ་བཙུན་གྱིས་གདན་སོགས་ཀྱི་ཡི་གེར་ཕོ་བྲང་ལྔའམ་དྲུག་གི་དབུས་མ་དེ་སངས་རྒྱས་དང་རིག་མའི་གདན་ཞེས་གསུངས་པས་ཕོ་བྲང་དྲུག་པ་ལ་གཉུག་མ་དྲན་གསལ་གྱི་ལུགས་འདྲེས་ཟེར་བ་རྗེ་བཙུན་བཀག་པར་སོང་ཞིང་། རྗེ་བཙུན་གྱིས་གསུང་དེའི་གསལ་བྱེད་དུ་ཡི་གེ་འདི་མེད་ན་ཕོ་བྲང་དྲུག་གི་བསྒོམ་ཚུལ་ཡང་མི་ཤེས་པར་འགྱུར་བས་ཁྱེད་དག་ཡི་གེ་འདིར་བསྟན་པའི་ཟབ་གནད་ལས་རིང་དུ་གྱུར་པའོ་ཞེས་གསུངས་སོ། །དེའི་ལན་དུ་གློ་བོ་མཁན་ཆེན་རིན་པོ་ཆེས་ཚིག་དོན་མུན་སེལ་དུ། ས་པཎ་གྱིས་མཛད་པའི་ཁྲིད་ཀྱི་དཀར་ཆག་ནི་རྗེ་ཨ་ནནྡའི་གསུང་རབ་གང་ནའང་ཐེ་ཚོམ་གྱི་དཔྱད་གཞི་མཛད་པ་ཅུང་ཟད་ཀྱང་མེད། ཟིན་བྲིས་འགའ་ཞིག་ཏུ་དཔྱད་གཞི་བྱས་པ་ཡོད་ཀྱང་དེ་དག་ལ་བློ་གཏད་ཐུབ་པ་ཅི་ཡང་མེད། སྒོ་རུམ་དཔེ་ཁང་ན་བཞུགས་པའི་ས་པན་གྱི་བཀའ་འབུམ་རྒྱ་ཤོག་ལ་བྲིས་པའི་གསེར་རྐྱང་མ་རྙིང་བ་ཞིག་ཡོད་པ་དེ་དང་། འཕགས་པའི་ཐུགས་དམ་བཞི་ཐོག་ན་བཞུགས་པའི་གསེར་མ་ལའང་འདི་ཉིད་བཞུགས་ལ། གདུང་བརྒྱུད་རྩེ་གདོང་པ་རྣམས་ཀྱི་བཀའ་འབུམ་གསེར་དངུལ་མ་རྙིང་པ་ལའང་འདི་ཉིད་བཞུགས་ཤིང་། རྗེ་བཙུན་ཨཱ་ནནྡའི་གསན་ཡིག་རྒྱ་མཚོར་ཁྲིད་ཀྱི་དཀར་ཆག་གི་བརྒྱུད་པ་ནི་ཞེས་གསུངས་ཤིང་། བླ་མ་བརྒྱུད་པ་རྣམས་ཀྱང་འདྲེན་པར་མཛད་དེ་ལན་གསུངས་སོ། ཡང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་ངག་འཆད་ཐབས་ཀྱི་མན་ངག་གསང་བ་སྒོ་འབྱེད་ལས་འཕྲོས་པའི་དྲིས་ལན་ཟབ་དོན་སྙིང་པོ་ལས། རྗེ་ས་པཎ་གྱི་ཁྲིད་ཀྱི་དཀར་ཆག་ཅེས་པ་བརྡ་དོན་གསལ་བའི་ཁྲིད་ཡིག་ལ་ངོས་འཛིན་པར་མཛད་ན་