R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༡ན
[A:༡༡༡ན]ནི་བཤད་མ་ཐག་པ་དེ་དང་ཤིན་ཏུ་འགྲིག་ཅིང་། རྗེ་ས་པཎ་གྱིས་མཛད་པར་གྲགས་པའི་དཀར་ཆག་ཅིག་ཤོས་དེ་ནི་ལུང་ཕུ་བ་ཀུན་རྒྱལ་གྱིས་མཛད་པ་ཡིན་ཅེས་གསུང་སྒྲོས་རྣམས་ལས་འབྱུང་ལ། རྒྱུད་ཡིག་འགའ་ཞིག་ལས་ཤོང་སྟོན་ཁུ་དབོན་གྱི་སློབ་མ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་ཞེས་པ་ཞིག་འབྱུང་གིན་སྣང་བ་དེ་དང་གཅིག་པ་འདྲ་ཞིང་། དཀར་ཆག་དེ་ལས་སྣང་བ་གསུམ་ལམ་གྱི་གཞི་བཅའ་ལ་སྦྱར་བའི་ཚེ་དེའི་སྔོན་དུ་དབང་བསྐུར་འགྲོ་དགོས་པའི་གསལ་ཁ་ཅི་ཡང་མི་སྣང་མོད། སྤྱིར་དཀར་ཆག་འདི་ལ་ཚིག་རིགས་དང་མཛད་བྱང་སོགས་འདྲ་མི་འདྲ་སྣ་ཚོགས་ཞིག་འདུག་པས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ནས་བླང་དགོས་པར་མཆིས་ལགས་ཞེས་གསུངས་ནས་དཀར་ཆག་གི་ཡི་གེ་དེ་ས་པཎ་གྱི་གསུང་ཡིན་མིན་དཔྱད་གཞི་ཅན་དུ་བཤད་པ་འདི་དང་། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་རྩོད་སྤོང་ཚིག་དོན་མུན་སེལ་མཛད་གོང་དུ། རབ་འབྱམས་པ་བློ་གྲོས་རབ་གསལ་གྱི་དྲིས་ལན་ལས་ས་པཎ་གྱིས་མཛད་ཟེར་བའི་དཀར་ཆག་གི་ཡི་གེ་འདི་ས་སྐྱའི་བླ་བྲང་བཞི་ཐོག་ན་ཡོད་པའི་ས་པཎ་གྱི་བཀའ་འབུམ་རྒྱ་ཤོག་ལ་བྲིས་པའི་གསེར་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་ཙམ་གྱི་དུས་སུ་བྱུང་བ་གཅིག་ཡོད་པ་དེའི་ནང་དུའང་བྲིས། གཞན་བཀའ་འབུམ་རྙིང་པ་མང་པོའི་ནང་དུ་བཅུག་ཡོད་ཅིང་། ཆོས་རྗེ་དཔལ་ལྡན་བླ་མ་དམ་པས་ཀྱང་ས་པཎ་གྱིས་མཛད་པར་གསུངས་འདུག་པ་ལ། རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའི་གསུང་ནས་ས་པཎ་གྱིས་མཛད་ངེས་པ་ཞིག་ཡིན་ན་བརྡ་དོན་གསལ་བའི་ཁྲིད་ཀྱི་གསུང་ཐོ་དང་། ལྷོ་པའི་ཟིན་