R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢བ
[A:༡༢བ]རྡོ་རྗེ་ཐེག་པའི་སྣོད་དུ་རུང་མི་རུང་རྣམས་བརྟགས་ནས་རིམ་གྱིས་བཀྲི། དེ་ཟིན་པའི་ཚེ་སློབ་དཔོན་གྱིས་རྗེས་སུ་བཟུང་། ལྷག་པའི་ལྷས་བསྲུང་བ་བྱས། སློབ་དཔོན་ལ་མཁོ་བའི་ཡོ་བྱད་བསྟབ་ཏུ་གཞུག་པ་དེ་ཙམ་ལ་སློབ་མ་རྗེས་འཛིན་གྱི་ཆོ་གར་སྤྱི་རྒྱུད་ལས་བཤད་ལ། ཚུལ་དེ་ལྟ་བུ་ནི་དེང་སང་ལམ་འབྲས་འཆད་པའི་སློབ་མ་རྗེས་འཛིན་གྱི་མིང་ཅན་སྐབས་སུ་བབས་པ་དེ་ལ་མི་དགོས་ཏེ། དེ་ནི་སེམས་བསྐྱེད་ཀྱི་སྡོམ་པ་ཕོག་པ་ཡན་ཆད་ལ་གྲུབ་ཅིང་། དེའི་རྗེས་སུ་རྗེས་འཛིན་གྱི་མིང་ཅན་སྔགས་ལམ་གྱི་ས་མཚམས་ཐོག་མར་འཛིན་པ་དེའི་ཚེ་རྗེས་འཛིན་གྱི་རྟོགས་པ་སྐྱེས་ཟིན་པའི་སློབ་མ་མང་པོ་ལས་ཉེར་ལྔ་རྗེས་སུ་བཟུང་། གཞན་དག་དོར་ཏེ་ཡིད་ཆད་དུ་འཇུག་ན་སྤྱི་རྒྱུད་ཀྱི་དངོས་བསྟན་དང་འགལ་བ་ལས། བཤད་མ་ཐག་པ་དེ་ཉེས་པ་ཆེ་བ་རྗེ་བླ་མས་མ་དགོངས་པ་མིན། ཅི་སྟེ་འགལ་བར་དོགས་ན་སླར་ཡང་རྗེས་འཛིན་གྱི་སྐབས་འདིར་སྣང་གསུམ་གྱི་ཁྲིད་ཚར་གཅིག་ཕོག་དགོས་པར་འགྱུར་རོ། །དེ་ལྟར་གྲངས་ངེས་མ་བྱས་པར་རྗེས་འཛིན་བྱས་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དགོས་པའི་ཡོ་བྱད་རྣམས་ཀུན་གྱི་ཐུན་མོང་དུ་བསྒྲུབས་པས་ཚོགས་རྫོགས་པ་དང་བསག་སྦྱོང་འཕེལ་བ། སློབ་མ་ཁ་ཅིག་གཞན་དུ་མི་འཁྱར་བ་སོགས་ཀྱི་དགོས་པ་ཤིན་ཏུ་མང་ངོ་། །དེའི་ཕྱིར་སྤྱི་རྒྱུད་ནས་བཤད་པའི་རྗེས་འཛིན་དང་། ངོར་ལུགས་ཀྱི་རྗེས་འཛིན་གྱི་ཁྱད་པར་ནི་རྗེས་འཛིན་གྱི་རྟོགས་པ་མ་སྐྱེས་པ་སྐྱེད་པར་བྱེད་པ་ལ་གྲངས་ངེས་དགོས་པ་དང་། སྐྱེས་ཟིན་བརྟན་པར་བྱེད་པ་ལ་གྲངས་ངེས་མི་དགོས་པ་གཉིས་ཀྱིས་ཕྱེ་བ་ཡིན། དེ་ལྟ་ནའང་དབང་ཆུ་ཆེན་མོ་དང་མི་འགལ་ཏེ། དབང་ཆུར་བཤད་པ་དེ་གཞུང་ཇི་