R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢ན
[A:༡༢ན]འབྲས་འཆད་པའི་ཚེ། སློབ་མ་མང་པོ་ཅིག་ཅར་དུ་རྗེས་བཟུང་མཛད་པའི་ཕྱག་ལེན་འདི་ལ་དགོངས་ནས། མུས་སྲད་པ་ཆེན་པོས། རྗེས་བཟུང་གྲངས་ངེས་མེད་པ་དང་། །ཞེས་པའི་རྒྱས་བཤད་དུ། སློབ་མ་བརྒྱ་ཕྲག་མང་པོ་ལ་གྲངས་ངེས་མེད་པར་རྗེས་འཛིན་གྱི་ཆོ་ག་བྱེད་པ་ནི། གསང་བ་སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ཞེས་སོགས་ཀྱི་ལུང་དང་འགལ། དབང་གི་ཆུ་བོ་ལས། དཀྱིལ་འཁོར་གཅིག་ཏུ་སློབ་མ་ཉི་ཤུ་རྩ་ལྔ་ལས་ལྷག་པ་གཟུང་བར་མི་བྱ་ཞེས་སོགས་གོང་མའི་གཞུང་དང་འགལ། རྗེས་བཟུང་ལ་གྲངས་ངེས་མེད་ན་སྟ་གོན་ལ་ཡོད་པའི་ཁས་ལེན་དང་འགལ་ཏེ། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་གི་གྲངས་ངེས་ལ་ལྟོས། དབང་དུས་ཀྱི་གྲངས་ངེས་སྟ་གོན་གྱི་གྲངས་ངེས་ལ་ལྟོས་པར་སྤྱི་རྒྱུད་ལས་གསུངས་པའི་ཕྱིར་རོ་ཞེས་རྒོལ་བར་མཛད་དོ། །དེའི་ལན་ལ་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྒོ་བརྒྱད་པར། སྤྱི་རྒྱུད་ཀྱི་རྗེས་འཛིན་དང་ལམ་འབྲས་གཞུང་ཇི་ལྟ་བའི་རྗེས་འཛིན་མི་མཚུངས་པར་བསྟན་པ་དང་། འདིར་སྤྱི་རྒྱུད་ཀྱི་རྗེས་འཛིན་ཁས་མི་ལེན་ཀྱང་རྗེས་འཛིན་མེད་པའི་ཉེས་པ་མི་འབྱུང་བར་བསྟན་པ་དང་། སྟ་གོན་སྤྱི་རྒྱུད་ཀྱི་རྗེས་འཛིན་ལ་ལྟོས་ན་ཧ་ཅང་ཐལ་བ་དང་གསུམ་དུ་མཛད་ནས་རྒྱས་པར་འབྱུང་བའི་རྐང་གྲངས་རགས་པ་ཙམ་ཞིག་བཀོད་ན། དང་པོ་ལ་སློབ་དཔོན་འགའ་ཞིག་གི་དྲུང་དུ་གང་ཟག་ཁ་ཅིག་དབང་ཞུ་འདོད་ཟེར་ན། གང་ཟག་དེ་སྤྱིར་ཆོས་ལ་ཞུགས་མ་ཞུགས། ཞུགས་ཀྱང་ངེས་ལེགས་ལ་ཞུགས་མ་ཞུགས། དེར་ཞུགས་ཀྱང་ཐེག་ཆེན་ལ་ཞུགས་སམ་དང་། ལྟ་བ་ལ་ཡིད་ཆེས་སམ། དེ་ཆེས་ན་