R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣ན
[A:༡༣ན]ལྟ་བ་བཞིན་ཁྲིད་པའི་ཚེ་ཁོ་ན་དང་སྦྱོར་རྒྱུ་མིན་པས་སོ་ཞེས་གསུངས། གཉིས་པ་ལ། འོ་ན་དེ་གཉིས་གང་ཡང་མ་ཡིན་པའི་རྗེས་འཛིན་ཁྱོད་ལ་ཡོད་དམ་མེད་སྙམ་ན། སེམས་བསྐྱེད་ཆེན་མོ་བྱས་པའི་ཕྱི་ཉིན་དེ་རྗེས་འཛིན་གྱི་ཕྱག་ལེན་བྱེད་པ་དེ་སྔགས་ཀྱི་ཐར་པ་ཆ་མཐུན། དེ་ནས་སྔགས་ལམ་དུ་འཇུག་པ་ནི་རྗེས་འཛིན་དངོས་ཏེ་སློབ་མ་སྟ་གོན་ཡིན་ཅིང་། ཆོས་རྗེ་པ་ཡན་གྱིས་ཀྱང་སྤྱི་རྒྱུད་ཀྱི་སློབ་མ་རྗེས་འཛིན་གྱི་དངོས་གཞི་སློབ་མ་སྟ་གོན་ཉིད་ལ་དགོངས་པར་གསལ་ཏེ། ཉེར་ལྔ་ལས་ལྷག་པ་རྗེས་སུ་མི་བཟུང་བའི་ཤེས་བྱེད་དུ། དེ་བས་ལྷག་པའི་སློབ་མ་ལ། །ཆོ་ག་ཡོངས་སུ་རྫོགས་པ་ནི། །མཚན་མོ་གཅིག་ལ་ཚར་མི་ནུས། །ཞེས་གསུངས་པའི་ཕྱིར། དེ་དངོས་གཞི་ལ་དགོངས་པ་མིན་ཏེ་དངོས་གཞི་ཉིན་མོ་བྱས་པས་ཆོ་ག་ཉམས་པར་མི་འགྱུར་བའི་ཕྱིར་དང་། སྟ་གོན་གཅིག་གིས་ཆོག་པའི་དབང་མང་པོ་པ་དག་སྔོན་འགྲོ་དང་རྗེས་ཐུན་མོང་བས་བསྡུས་པས་ན་ཆོ་ག་ཡོངས་སུ་རྫོགས་པ་གཅིག་ཏུ་འཇོག་པས་དེ་ལྟ་བུ་མཚན་ཐོག་ཐག་སློབ་མ་ཉུང་ཤས་ལ་བྱས་ཀྱང་མི་ཚར་བའི་ཕྱིར། སློབ་མ་སྟ་གོན་ལ་མི་མཚུངས་སྟེ་སློབ་མ་སྟ་གོན་གྱི་ཆོ་གའི་མགོ་ཉི་མ་ནུབ་པ་ནས་བཟུང་སང་ཉི་མ་མ་ཤར་གོང་དུ་ཟིན་པ་དགོས་པའི་ཕྱིར་ཏེ། དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་དགོས་པ་དང་། རྨི་ལམ་བརྟག་དགོས་པས་སོ། །དེས་ན་སྣང་གསུམ་གྱི་ཁྲིད་ཟིན་པ་དག་ལ་སྤྱི་རྒྱུད་ནས་བཤད་པའི་རྗེས་འཛིན་མི་དགོས་པ་དང་། ལས་དང་པོ་པ་གཞན་ལ་དགོས་པའི་ཁྱད་པར་ཡོད། དེའི་ཚེ་སོ་སྐྱེའི་རྡོ་རྗེ་སློབ་དཔོན་གྱིས་ཉེར་ལྔ་ལས་ལྷག་པ་