R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣བ
[A:༡༣བ]རྗེས་སུ་འཛིན་ནུས་ཀྱང་། སྐབས་དེར་མི་འཛིན་པ་ནི་གོང་མའི་དགོངས་པའོ་ཞེས་གསུངས།
གསུམ་པ་དབང་དང་སྟ་གོན་རྗེས་བཟུང་ལ་ལྟོས་ན་ཧ་ཅང་ཐལ་བ་ལ་སྤྱི་རྒྱུད་པ་ལ་ཧ་ཅང་ཐལ་བ་དང་། ལམ་འབྲས་པ་ལ་ཧ་ཅང་ཐལ་བ་གཉིས་སུ་མཛད་ནས། དང་པོ་ལ་ཁྱེད་ཀྱིས་དྲངས་པའི། གལ་ཏེ་རྗེས་བཟུང་བྱས་གྱུར་པ། །འགའ་ཞིག་དེར་ནི་མ་འོང་ན། །དེ་ཡིས་གཟུགས་བརྙན་སྐྱིན་པོར་གཞུག །ཅེས་དང་། སྟ་གོན་གནས་སུ་མ་འོང་ན། །གཞན་དག་དེ་ཡི་སྐྱིན་པོར་གཞུག །ཅེས་དང་། སྟ་གོན་གནས་པ་འགའ་ཞིག་ནི། །དབང་གི་དུས་སུ་མེད་གྱུར་ན། །གཞན་ལ་དབང་བསྐུར་བྱ་བ་མིན། །ཞེས་པའི་ལུང་སྒྲ་ཇི་བཞིན་པར་བཤད་པའི་ཚེ་ནང་འགལ་འབྱུང་སྟེ། རྗེས་བཟུང་གི་དུས་ཀྱི་སློབ་མ་སྟ་གོན་གྱི་ཚེ་མ་ཚང་ཡང་སྐྱིན་པོ་བཅུག་པས་ཆོག་ན་སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་པ་འགལ། དབང་དུས་སུ་སྟ་གོན་གྱི་སློབ་མ་གཅིག་ནས་ཉེར་གསུམ་གྱི་བར་དུ་མ་ཚང་ནའང་ལྷག་མ་ཟུང་དུ་མ་གྱུར་པ་ལ་དབང་བསྐུར་བས་ཆོག་ན་དབང་གི་གྲངས་ངེས་སྟ་གོན་ལ་ལྟོས་པ་འགལ། དགག་དགོས་ཀྱི་ཚེ་ཉེར་བཞི་ལ་བསྐུར་བས་ཆོག་ན་དེའི་ཚེ་ཉི་ཤུ་རྩ་བཞི་ལ་སྟ་གོན་བྱས་པས་ཆོག་པར་འགྱུར་རོ། །གཞན་ཡང་སྟ་གོན་དུས་སུ་གཟུགས་བརྙན་དང་སྐྱིན་པོ་གཉིས་ལ་དབང་བསྐུར་བྱེད་རུང་མ་ཡིན་ན་ནི་སྟ་གོན་ཐོབ་པར་འགལ། དེའང་མ་ཐོབ་ན་ནི་སྐྱིན་པོར་བཅུག་པ་ལ་དགོས་པ་མེད། ཉེར་ལྔའི་གྲངས་ཚང་བ་ཙམ་དང་། སྟ་གོན་བྱེད་པའི་ཉེས་པ་ཁེགས་ཟེར་ན། འོ་ན་དབང་དུས་སུའང་སྟ་གོན་མ་བྱས་པ་གཞན་ཞིག་གིས་ཁ་བསྐངས་རིགས་ཏེ་གྲངས་དེ་ཚང་བ་ལ་ཕན་