R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤ན
[A:༡༤ན]པས་སོ། །ཡང་རྗེས་བཟུང་གི་སློབ་མ་ཞིག་རྐྱེན་གྱིས་མ་སླེབས་པར་གཟུགས་བརྙན་བཅུག་པ་དེས་དངོས་དེའི་གོ་ཆོད་དམ་མི་ཆོད། མི་ཆོད་ན་བཅུག་པའི་དགོས་པ་ཅི། གོ་ཆོད་ན་གཟུགས་བརྙན་དེ་ལ་སྟ་གོན་བྱས་པས་ཐོབ་བམ་མི་ཐོབ། མི་ཐོབ་ན་གོ་ཆོད་པ་འགལ། ཐོབ་ན་དེ་དངོས་སུ་འགྱུར་རོ་གསུངས་ནས། རང་གིས་ལུང་དེ་དག་གི་དོན་རྐྱེན་དགོས་ཀྱི་ཚེ་ཁ་འཆམས་ལ་དབང་བསྐུར་བྱས་ཆོག་པ་དང་། རྗེས་བཟུང་གི་སྐབས་སུ་མེད་ཀྱང་རྗེས་འཛིན་གྱི་ཡོན་ཏན་དང་ལྡན་པ་གཞན་དག་ཀྱང་སྟ་གོན་བྱས་ནས་དབང་བསྐུར་ཆོག་པའི་དོན་དང་། བྱེ་བྲག་ཏུ་གཟུགས་བརྙན་ལ་སྟ་གོན་བྱས་པ་ནི། སློབ་མ་འགའ་ཞིག་ཚེའི་དུས་བྱས་པ་ལ་དགོངས་ཏེ། སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་གཟུགས་བརྙན་དེ་ལའང་དབང་བསྐུར་བས་སྡིག་པ་འདག་པ་སོགས་ཀྱིས་དགོས་པ་ཡོད་ཅིང་། འདི་ལ་བསམས་ནས་བོད་དུ་རྗེས་བཟུང་གི་སློབ་མ་ཡུལ་གཞན་དུ་སོང་བ་སོགས་ལུས་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་བྱུང་དོགས་པའི་ཚེ་གཟུགས་བརྙན་ལ་ཤེས་པ་བཀུག་ནས་དབང་བསྐུར་བྱེད་པ་སོགས་ཀྱི་ལག་ལེན་བྱུང་བར་སྣང་ངོ་གསུངས། ལམ་འབྲས་པ་ལ་ཧ་ཅང་ཐལ་བ་ལ་ཁྱེད་ཀྱིས་བླ་མ་དམ་པའི་དགོངས་པར་བྱས་ནས་སྣང་གསུམ་གྱི་སྔོན་དུ་དབང་བྱེད་པ། དེའི་སྔོན་དུ་རྗེས་བཟུང་དང་སྟ་གོན་བྱེད་པ་གཞིར་བཅས། རྗེས་བཟུང་ཡང་དབང་ཆུ་ཆེན་མོ་ནས་བཤད་པ་དེ་ལས་གཞན་ཁྱེད་ལ་མེད་པས། དེ་ལྟར་ན་ཐོག་མར་དལ་འབྱོར་རྙེད་དཀའ་ནས་དོན་དམ་སེམས་བསྐྱེད་ལ་ཐུག་གི་བར་ཇི་ལྟ་བ་བཞིན་བསྐྱེད་དུ་བཅུག་ནས། དེ་ལ་རྗེས་འཛིན་གྱི་ཆོ་ག་ཕྱག་ལེན་བཞིན་བྱེད་