R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦ན
[A:༡༦ན]ཀུན་དུ་མཚུངས། ཡང་གྲངས་ངེས་ཡོད་པའི་ཁས་ལེན་དང་འགལ་ཟེར་བ་དེ་ཅི། དབང་ལ་གྲངས་ངེས་ཡོད་ན་རྗེས་བཟུང་ལ་གྲངས་ངེས་ཡོད་པར་སུ་ཞིག་གིས་ཁས་བླངས། སེམས་རྣལ་དུ་འདུག་ལ་སྨྲོས་ཤིག གཞན་ཡང་སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྲིས་ནས་ནི། །ཇི་སྐད་བཤད་པ་ཐམས་ཅད་བྱ། །ཞེས་དང་། སློབ་མ་ཡོངས་སུ་བཟུང་བ་གང་། །དེར་ནི་འོང་བར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པོར་གཞུག །ཅེས་གསུངས་པའི་དོན་ཇི་ལྟར་འཆད། གཟུགས་བརྙན་ནམ་སྐྱིན་པོ་གང་རུང་བ་དེ་ལ་རྗེས་བཟུང་བྱེད་དམ་མི་བྱེད། བྱེད་ན་དེ་ལ་དབང་ཡང་ལོགས་སུ་བྱ་དགོས་པར་འགྱུར་ཏེ། དབང་གི་གྲངས་ངེས་སྟ་གོན་དང་། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་ཤིང་། རྗེས་གཟུང་གི་ཚེ་གཟུགས་བརྙན་ནམ་སྐྱིན་པོ་དེ་ལས་མེད་པས་སོ། གལ་ཏེ་སྔ་མ་རྣམས་ཀྱི་གྲངས་ཚང་བའི་ཕྱིར་བསྣན་པ་ཡིན་ནོ་ཞེ་ན། ཁོ་བོ་ཅག་ལ་རུང་ཡང་ཁྱེད་ལ་འགལ་ཏེ། རྗེས་བཟུང་གི་གྲངས་དང་སྟ་གོན་གྱི་གྲངས་མ་མཐུན་པའི་སྐྱོན་འདུག་པས་སོ། །དེ་ལ་རྗེས་བཟུང་མི་བྱེད་ན་སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་པ་འགལ་ཏེ། རྗེས་བཟུང་ལ་མེད་པའི་སློབ་མ་ཞིག་སྟ་གོན་ལ་འདུག་པས་སོ་གསུངས་ནས། རང་གི་བཞེད་པ་སྤྱི་རྒྱུད་ཀྱི་ཚིགས་བཅད་དང་པོའི་དོན་སློབ་མ་འགའ་ཞིག་ཚེའི་དུས་བྱས་ནས་མེད་པ་ལྟ་བུ་ལ། དེའི་གཟུགས་བརྙན་བྱས་ནས་རྣམ་ཤེས་བཀུག་སྟེ་སྟ་གོན་སོགས་བྱ་བ་དང་། ཚིགས་བཅད་ཕྱི་མས་སློབ་མ་ཁ་ཅིག་རྐྱེན་དགོས་ཀྱི་མ་སླེབས་པ་ལྟ་བུ་ལ་དབང་གི་སྣོད་