R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥བ
[A:༡༥བ]འཕྲོས་དོན་དང་བཅས་པ་ལ། ཕྱོགས་སྔ་མའི་འདོད་པ་སྐྱོན་མེད་དུ་བསྟན་པ་དང་། རྒོལ་བའི་གྲུབ་མཐའ་རྩ་བ་ནས་མི་རུང་བར་བསྟན་པ་དང་གཉིས་སུ་མཛད་ནས། དང་པོ་ལ། འོ་ན་ཁྱེད་རང་གི་རྗེས་བཟུང་ལུགས་གཉིས་པོ་དེ་གང་གི་རྗེས་སུ་འབྲང་། དང་པོ་ལྟར་ན་ནི་སྐྱོན་དེ་དག་ཁྱེད་ལའང་མཚུངས། གཉིས་པ་ལྟར་ན་གྲངས་ངེས་མེད་པའི་སྐྱོན་དེ་སོ་ན་གནས་སོ་ཞེ་ན། ཁོ་བོ་ཅག་རྗེ་བཙུན་གོང་མས་བཤད་པ་ལྟར་འདོད་ལ། དེའི་ཁུངས་ཀྱང་སམྦུ་ཊ་ལས། སློབ་མས་པུས་མོའི་ལྷ་ང་ནི། །ཞེས་སོགས་ཀྱིས་བསྟན་པར་ལྗོན་ཤིང་ལས་བཤད་པས། སྤྱི་རྒྱུད་ཀྱི་དངོས་བསྟན་དང་ཅུང་ཟད་མ་མཐུན་ཡང་ཉེས་པ་ཆེན་པོ་མེད་ཅིང་། དབང་ཆུར་གྲངས་ངེས་སུ་བཤད་པ་དེ་སྤྱི་ཁྱབ་ཏུ་མི་སྦྱོར་བས་ལུང་རིགས་གཉིས་ཀྱི་སྒོ་ནས་དབང་ཆུ་དང་འགལ་བའི་ཉེས་པ་སྤངས་སླ་སྟེ། ལུང་ནི་རྣམ་སྣང་མངོན་བྱ་ལས། གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། དཔྱད་མི་དགོས་པར་གཟུང་བར་བྱ། །ཞེས་དང་། སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བའི་དབང་དུ་བྱས་ཏེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སློབ་མ་ཚད་མེད་པ་བཟུང་བར་བྱའོ་ཞེས་གསུངས་པ་དང་མཐུན་པར། སློབ་མ་དབང་བསྐུར་ལ་གྲངས་ངེས་དགོས་པའི་དམིགས་བསལ་དུ་སྦྱོར་བས་དབང་ཆུ་དང་ཡང་མི་འགལ། གལ་ཏེ་ལུང་དེ་དག་དབང་ཆུར་རྗེས་བཟུང་གི་སྐབས་སུ་དྲངས་པས་དབང་གི་གྲངས་ངེས་ཀྱི་དམིགས་བསལ་མིན་ཟེར་ན། ལུང་ཕྱི་མ་དེའང་འཕགས་པ་རིན་པོ་ཆེའི་བརྟག་གཉིས་ཀྱི་ཊཱིཀྐ་སྙིང་པོ་གསལ་བར་རྗེས་འཛིན་གྱི་སྐབས་སུ་དྲངས་པས་