R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦བ
[A:༡༦བ]རུང་གཞན་སྐྱིན་པོར་བཅུག་པ་ལ་སྟ་གོན་དང་དབང་བསྐུར་སོགས་བྱས་ཆོག་པའི་དོན་ཡིན་པས། སློབ་མ་རྗེས་འཛིན་མ་བྱས་ཀྱང་དབང་བསྐུར་བྱས་ཆོག་པའི་དམིགས་བསལ་གྱི་ལུང་ཡིན། སྤྱིར་ཡང་གཟུགས་བརྙན་དེ་ལ་རྗེས་འཛིན་ངེས་པར་དགོས་ན། རྗེ་བཙུན་གྱི་གཞན་ཕན་བདུད་རྩི་ལས། དབང་བསྐུར་ཏེ་སྡིག་པ་སྦྱོང་ཚུལ་རྒྱས་འབྲིང་བསྡུས་གསུམ་གསུངས་པའི་གསུམ་ཀ་ལ་གཤིན་པོ་ལ་རྗེས་འཛིན་བྱ་དགོས་པ་མ་བཤད་པ་མི་འཐད་པར་འགྱུར། ཡང་གོང་དུ་ལུང་རིགས་གཉིས་ཀྱི་སྒོ་ནས་སྐྱོན་སྤོང་གསུངས་པའི་རིགས་པ་ལ་སློབ་དཔོན་གྱི་དབང་སློབ་མ་རེ་རེ་ནས་བྱེད་པའི་མཎྜལ་དང་གསོལ་གདབ་སོགས་སློབ་མ་ཐམས་ཅད་ཀྱིས་ཅིག་ཅར་བྱ་རུང་བར་བཤད་པའི་རིགས་པས། དབང་ལ་གྲངས་ངེས་ཡོད་ཀྱང་རྗེས་བཟུང་ལ་གྲངས་ངེས་མ་བྱས་པ་ལ་ཉེས་པ་མེད་པ་ཤེས་ཏེ། རྗེས་བཟུང་གི་དོན་སློབ་མས་གསོལ་བ་གདབ་པ་དང་། བླ་མས་དབང་སྐུར་བ་ལ་གཙོ་བོར་འདོད་པར་སམྦུ་ཊའི་ལུང་དེས་ཤེས་པས་སོ། །གཞན་དུ་ན་ཁྱེད་རང་ལ་སློབ་མ་རེ་རེ་ནས་རྗེས་བཟུང་དང་སྟ་གོན་བྱ་དགོས་པར་འགྱུར་ཏེ། དབང་གི་གཙོ་བོ་རྡོ་རྗེ་སློབ་དཔོན་གྱི་དབང་རེ་རེ་ནས་སྐུར་དགོས་པ་གང་ཞིག དབང་གི་གྲངས་ངེས་སྟ་གོན་དང་། སྟ་གོན་གྱི་དེ་རྗེས་བཟུང་ལ་ལྟོས་དགོས་པའི་ཕྱིར་ཞེས་གསུངས། སྤྱི་རྒྱུད་ལས་གྲངས་ངེས་སུ་བཤད་པ་ནི་སློབ་མ་སྟ་གོན་ཉིད་ལ་དགོངས་པར་མངོན་ཏེ། གཞུང་གི་ས་མཚམས་སློབ་མ་སྟ་གོན་གྱི་སྐབས་སུ་འབྱུང་བ་དང་། ཉེར་ལྔ་ལས་ལྷག་པ་ཅིག་ཅར་བཟུང་ན་མཚན་མོ་གཅིག་ལ་ཚར་མི་ནུབ་པར་བཤད་པའི་རིགས་པས་སོ། །རྗེས་འཛིན་ནི་མཚན་མོ་དགོས་པའི་དམིགས་བསལ་