R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧ན
[A:༡༧ན]མེད་ལ། ཡོད་ཀྱང་མི་ཚར་བའི་དོགས་པ་སྐྱེ་དོན་མེད་པའི་ཕྱིར་རོ། །སྟ་གོན་ལ་ནི་མི་མཚུངས་ཏེ་སློབ་མ་སྟ་གོན་གྱི་ཆོ་གའི་འགོ་ཉི་མ་ནུབ་པ་ནས་བརྩམས་མཚན་ཕྱེད་ཚུན་ལ་ཚར་དགོས་པས་སོ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་པའི་ཚིག་བཤད་དུ་ཡོད་པ་དང་། རྨི་ལམ་བརྟག་དགོས་པའི་ཕྱིར་རོ་ཞེས་སོགས་དང་། ཁོ་བོ་ཅག་གི་རང་ལུགས་ནི་འཕགས་པ་རིན་པོ་ཆེའི་རྩ་རྒྱུད་ཀྱི་ཊཱིཀྐར་སྤྱི་རྒྱུད་ཀྱི་དགོངས་པས་གྲངས་ངེས་ཡོད་པ་དང་། རྣམ་སྣང་མངོན་བྱང་གི་དགོངས་པས་གྲངས་ངེས་མེད་པ་གཉིས་ཆར་སློབ་མ་རྗེས་འཛིན་གྱི་སྐབས་ཉིད་དུ་སྨྱོན་མི་ནུས་པར་བཤད་པས་གཉིས་ཀ་ལྟར་ཡང་མི་འགལ་བ་ཉིད་དུ་འདོད་དོ། །ཁྱོད་ལ་ནི་དེ་ཁས་ལེན་དུ་མི་རུང་སྟེ། དབང་གི་གྲངས་སྟ་གོན་དང་། སྟ་གོན་གྱི་གྲངས་རྗེས་བཟུང་ལ་ངེས་པར་ལྟོས་པ་ཁས་བླངས་པས་རྗེ་བཙུན་གོང་མ་ལྔ་དུས་རྟག་ཏུ་འགལ་མེད་དུ་ཁས་ལེན་པའི་དམ་བཅའ་ཡང་གཏིང་ནས་ཉམས་ལ། ཁོ་བོ་ཅག་ནི་ཕྱི་མའི་གྲངས་ངེས་སྔ་མ་ལ་ལྟོས་པར་མི་འདོད་ཅིང་། རྗེས་འཛིན་གྱི་གྲངས་ངེས་རྣམ་སྣང་མངོན་བྱང་ལྟར་ཁས་ལེན་པའི་ཚེའང་། དབང་གི་གྲངས་ངེས་སྤྱི་རྒྱུད་ནས་བཤད་པ་ལྟར་འདོད་པས་བཤད་མ་ཐག་པའི་རྒྱུད་ཚིག་གཉིས་པོ་མཐའ་གཅིག་ཏུ་འགལ་བར་ཡང་མི་འདོད་དོ་ཞེས་གསུངས་ལ། གཉིས་པ་རྒོལ་བའི་གྲུབ་མཐའ་རྩ་བ་ནས་མི་རུང་བར་བསྟན་པ་ནི་འཕྲོས་དོན་དུ་གསུངས་པར་སྣང་བས་འོག་ཏུ་འཆད་དོ། །བཤད་མ་ཐག་པ་དེ་དག་གི་དོན་བསྡུས་ནས་དོན་བསྡུས་དོན་བརྒྱད་པ་ལས། རྗེས་བཟུང་སྐབས་ཀྱི་སློབ་མ་ལ། །གྲངས་