R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨ན
[A:༡༨ན]གྲུབ་སྟེ་སྤྱི་རྒྱུད་ལས། སྟ་གོན་གནས་པར་བྱས་པ་ལ། །གལ་ཏེ་རྐྱེན་གྱིས་མ་འོངས་ན། །བླ་མ་བློ་ལྡན་མཁས་པ་ཡིས། །དེར་ནི་སློབ་མ་གཞན་མི་བཟུང་། །ཞེས་སློབ་མ་ཉི་ཤུ་རྩ་ལྔ་ལ་སྟ་གོན་བྱས་པའི་གཅིག་ལྟ་བུ་མ་ཚང་ན་གཞན་མི་འཇུག་པར་ཉེར་བཞི་ལ་དབང་བསྐུར་བས་ཆོག་པར་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། སློབ་མ་ཡོངས་སུ་བཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་ནི། །ཇི་སྐད་གསུངས་པའི་ལས་རྣམས་བྱ། །ཞེས་རྗེས་འཛིན་ལ་ཡོད་པའི་སློབ་མ་སྟ་གོན་དུས་ཤི་ན་གཟུགས་བརྙན་གྱི་བྱང་བུ་ལ་ལྟ་གོན་བྱ་བ་དང་། སློབ་མ་ཡོངས་སུ་བཟུང་བ་གང་། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོང་བར་མ་གྱུར་ན། །གཞན་ཞིག་དེ་ཡི་སྐྱིན་པོར་གཞུག །ཅེས་སོགས་གཞན་དུ་སོང་ནས་མ་སླེབས་པ་ལྟ་བུ་ལ་དེའི་ཚབ་གཞན་ཞིག་ལ་སྟ་གོན་བྱེད་པར་བཤད་ཅིང་། དེ་གཉིས་ལ་རྗེས་འཛིན་དགོས་པར་མ་བཤད་པའི་ཕྱིར། དེས་ན་གསང་བ་སྤྱི་རྒྱུད་ཀྱི་ལུང་གི་དངོས་བསྟན་གྱིས་དགོངས་པ་ཉེར་ལྔ་ལས་མི་མང་བ་ལ་རྗེས་འཛིན་བྱེད་པ་ནི་དབང་ཚར་གཅིག་བསྐུར་བ་ལྟ་བུ་ལ་དགོངས་པ་ཡིན་ནོ་ཞེས་གསུངས། དེ་རྣམས་ཀྱི་ཡང་ལན་དུ་མཁན་ཆེན་བཟང་བཀྲས་པས་སྙན་བརྒྱུད་འཕྲུལ་སེལ་ལས་ཚངས་པའི་རིགས་སྔགས་ཀྱི་བཞེད་པ་བཀོད་པའི་རྗེས་སུ། དེ་དག་ལན་ནི་རིམ་པ་བཞིན། ལུང་དང་འགལ་ཞིང་རིགས་པ་མཚུངས། །ཁས་བླངས་འགལ་ཞིང་རང་ལུགས་ཀྱི། །མཁས་པའི་གསུང་དང་འགལ་བ་སྟེ། །དབང་ཆུར་རྗེས་འཛིན་གྲངས་ཀྱི་སྐབས། །སྤྱི་རྒྱུད་དྲངས་ཤིང་སྡོམ་གསུམ་ལས། །སྤྱོད་པའི་