R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧བ
[A:༡༧བ]ངེས་མེད་པ་མི་རུང་ན། །ཆོས་ཀྱི་རྒྱལ་པོ་འཕགས་པ་ཡིས། །བརྟག་གཉིས་ཊཱིཀྐ་གསེར་སྒམ་མར། །གྲངས་ངེས་མེད་ལ་རྗེས་འཛིན་གྱི། །ཆོ་ག་བྱེད་པ་གསལ་བར་བཤད། །དེ་དག་ཁྱོད་ཀྱིས་མ་མཐོང་བར། །ཐག་ཆོད་བྱེད་པ་རིང་བ་འམ། །གཞན་ལ་སྨྲ་བའི་ཟོལ་སྦྱོར་གྱིས། །འཕགས་པ་འགེགས་ལ་བརྩོན་པར་ཟད། །འཕགས་པ་འགེགས་པའི་ས་སྐྱ་པ། །རྙིང་པའི་རྗེས་འབྲངས་དེ་ངོ་མཚར། །སྤྱི་རྒྱུད་ཉིད་ན་གྲངས་ངེས་ཀྱི། །ལུང་དེ་སྟ་གོན་སྐབས་ན་ཡོད། །དེ་ཕྱིར་དབང་ཆུའི་དངོས་བསྟན་ནི། །དབང་བསྐུར་ཚར་གཅིག་ཉིད་ལ་དགོངས། །གཉིས་དང་གསུམ་སོགས་འགའ་ཡོད་ན། །རྗེས་འཛིན་འཕྲལ་ནས་བྱ་མི་དགོས། །དགོས་ན་འཕགས་པས་བཤད་པ་དེ། །སློབ་མ་དབང་བསྐུར་གྲངས་མེད་ལ། །བྱེད་དུ་རུང་བའི་ལུང་ཉིད་དུ། །ཐལ་བ་ཁྱོད་ཀྱིས་བཟློག་མི་ནུས། །འཕགས་པ་དངོས་སུ་འགེགས་བཞིན་དུ། །འཕགས་པ་སྒྲུབ་པའི་ཁེངས་པ་ཅན། །ཁྱོད་ཀྱིས་གང་དང་གང་སྨྲས་པ། །ཐམས་ཅད་དེ་དང་དེ་འདྲར་ཟད། །ཅེས་གསུངས་ལ། ཡང་གོང་དུ་བཀོད་པའི་མུས་སྲད་པའི་གསུང་དེའི་ལན་ཚར་ཆེན་ཆོས་ཀྱི་རྒྱལ་པོས་རྡོ་རྗེའི་འཁྲུལ་འཁོར་གྱི་ཟེགས་མ་ལས། སློབ་མ་རྗེས་འཛིན་དུས་གཅིག་ལ་ཉེར་ལྔ་ལས་མང་བ་དང་། ཟུང་དུ་གྱུར་པ་ལ་མི་རུང་བའི་སྒྲུབ་བྱེད་དངོས་གཞིའི་གྲངས་ངེས་སྟ་གོན་ལ་ལྟོས། སྟ་གོན་གྱི་གྲངས་ངེས་རྗེས་འཛིན་ལ་ལྟོས་པའི་ཕྱིར་རོ་ཟེར་རོ། །དེ་ལྟར་ན་རྗེས་འཛིན་ལ་གྲངས་ངེས་མ་དགོས་པར་ཐལ། དངོས་གཞིའི་གྲངས་ངེས་སྟ་གོན་ལ་མ་ལྟོས། སྟ་གོན་གྱི་གྲངས་ངེས་རྗེས་འཛིན་ལ་མ་ལྟོས་པའི་ཕྱིར་ཁྱབ་པ་ལ་དངོས་འགལ། རྟགས་དང་པོ་