R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡བ
[A:༢༡བ]འོངས་ན། །ཞེས་སོགས་དང་། སྟ་གོན་གནས་པ་འགའ་ཞིག་ནི། །ཞེས་སོགས་ཁྱེད་རང་གིས་དྲངས་པ་སྒྲ་ཇི་བཞིན་པ་ལྟར་ན། རྗེས་བཟུང་གི་སློབ་མ་སྟ་གོན་དུས་མ་ཚང་ཡང་སྐྱིན་པོ་བཅུག་པས་ཆོག་ན་སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་པ་འགལ། དབང་དུས་སུ་སྟ་གོན་གྱི་སློབ་མ་མ་ཚང་ཡང་ལྷག་མ་ལ་དབང་རུང་ན་དབང་གི་གྲངས་སྟ་གོན་ལ་ལྟོས་པ་འགལ། དགག་དགོས་ཀྱི་ཚེ་ཉེར་བཞི་ལ་དབང་རུང་ན་དེའི་ཚེ་དེ་ལ་སྟ་གོན་ཡང་རུང་བས་ཁྱེད་རང་ལ་ནང་འགལ་བྱུང་ཞེས་པར་སྣང་ངོ་། །ཡང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བརྒལ་ལན་ཚངས་པའི་རིག་སྔགས་ལས་གསུང་ཚུལ་བཀོད་པ་དེ་དག་གི་སྙིང་པོ་ནི། ད་ལྟ་ངོར་ལུགས་ཕྱག་ལེན་ལ་མཛད་པའི་སློབ་མ་རྗེས་འཛིན་འདི་ནི་སམྦུ་ཊ་ནས་གསུངས་པ་ཡིན་གྱི། སྤྱི་རྒྱུད་ནས་བཤད་པ་དང་ཅུང་ཟད་མ་མཐུན་ཡང་ཉེས་པ་ཆེན་པོ་མེད། དབང་ཆུ་ཆེན་མོ་ལས་བཤད་པ་དེ་སྤྱི་ཁྱབ་ཏུ་མི་སྦྱོར་བར་དབང་ཚར་གཅིག་བསྐུར་བ་ལ་དགོངས་པ་ཡིན་པས་ལུང་དང་འགལ་བའི་སྐྱོན་ཡང་མེད། རྗེས་བཟུང་དང་སྟ་གོན་དབང་རྣམས་ཕྱི་མའི་གྲངས་སྔ་མའི་གྲངས་ལ་ལྟོས་པ་མི་འདོད་དེ། སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། ཞེས་སོགས་ཀྱི་དོན་སློབ་མ་འགའ་ཞིག་ཚེའི་དུས་བྱས་ནས་མེད་པ་ལྟ་བུ་ལ། དེའི་གཟུགས་བརྙན་བྱས་ནས་རྣམ་ཤེས་བཀུག་སྟེ་སྟ་གོན་སོགས་བྱ་བ་དང་། ཚིགས་བཅད་ཕྱི་མའི་དོན་ཁ་ཅིག་རྐྱེན་དགོས་ཀྱིས་མ་སླེབས་པ་ལྟ་བུ་ལ་དབང་གི་སྣོད་རུང་གཞན་སྐྱིན་པོར་བཅུག་པ་ལ་སྟ་གོན་དང་དབང་བསྐུར་སོགས་བྱས་ཆོག་པའི་དོན་ཡིན་པས། སློབ་མ་རྗེས་འཛིན་མ་བྱས་ཀྱང་དབང་བསྐུར་བྱས་ཆོག་