R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢ན
[A:༢༢ན]པའི་དམིགས་བསལ་གྱི་ལུང་ཡིན། དེས་ན་འཕགས་པ་རིན་པོ་ཆེའི་རྩ་རྒྱུད་ཀྱི་ཊཱིཀྐར་རྣམ་སྣང་མངོན་བྱང་གི་དགོངས་པས་རྗེས་འཛིན་ལ་གྲངས་ངེས་མེད་པ་དང་། སྤྱི་རྒྱུད་ཀྱི་དགོངས་པས་གྲངས་ངེས་ཡོད་པ་གཉིས་ཆར་འགལ་མེད་དུ་ཁས་ལེན་གསུང་བ་ཙམ་དུ་སྣང་ངོ་། ཚར་ཆེན་གྱི་གསུང་དེ་ནི་རྟོགས་སླའོ། ཡང་ཚངས་པའི་རིག་སྔགས་ཀྱི་ལན་འདེབས་བཟང་བཀྲས་པས་མཛད་པ་དེའི་དོན་ནི་སྡོམ་གསུམ་དུའང་རྗེས་འཛིན་གྱི་དོན་འཆད་པ་ན་སྤྱི་རྒྱུད་ཀྱི་ལུང་དྲངས་ཤིང་། ལྗོན་ཤིང་ལས་ཀྱང་རྗེས་འཛིན་གྱི་རྣམ་གཞག་སྤྱི་རྒྱུད་ལ་ཞལ་འཕངས་མཛད། སྡོམ་གསུམ་ལས། ལྷག་མ་དམིགས་བསལ་མཛད་པ་ཡི། །སློབ་མ་ལ་ནི་གྲངས་ངེས་ཡོད། །ཅེས་གསུངས་པ་རྣམས་དང་། ཚངས་པའི་རིག་སྔགས་ཀྱི་བཞེད་པ་འགལ། བླ་མེད་ཀྱི་རྗེས་འཛིན་འཆད་པའི་སྐབས་སུ་སྤྱོད་རྒྱུད་ཀྱི་ལུང་འདྲེན་བྱེད་པ་སྒྲུབ་བྱེད་ཀྱིས་ཕོངས་པ་ཡིན། འཕགས་པས་མཛད་པའི་རྩ་རྒྱུད་ཀྱི་ཊཱིཀྐ་ཡང་མེད། གཞན་ཡང་ཚངས་པའི་རིག་སྔགས་སུ་སྤྱི་རྒྱུད་ལས་རྗེས་འཛིན་ལ་གྲངས་ངེས་དགོས་པའི་དམིགས་བསལ་མེད་གསུངས་པ་དང་། འཕགས་པའི་རྩ་རྒྱུད་ཀྱི་ཊཱིཀྐར་སྤྱི་རྒྱུད་ཀྱི་དགོངས་པས་གྲངས་ངེས་ཡོད་པ་དང་། རྣམ་སྣང་མངོན་བྱང་གི་དགོངས་པས་གྲངས་མེད་པ་གཉིས་ཆར་རྗེས་འཛིན་གྱི་སྐབས་སུ་བཤད་པས་འགལ་མེད་དུ་ཁས་ལེན་གསུངས་པ་གཉིས་ཁས་བླང་ནང་འགལ་གསུང་བར་སྣང་ལ། སྒྱི་ཆུ་བ་བུདྡྷ་ཤྲཱིའི་གསུང་དེ་དག་གི་སྙིང་པོ་ནི་ཕལ་ཆེར་བཟང་བཀྲས་པའི་དེ་དང་མཚུངས་ལ། གནོད་བྱེད་ཀྱི་རིགས་པ་ལ་ངོར་ལུགས་ལ་སྤྱི་རྒྱུད་ཀྱི་རྗེས་འཛིན་གྱི་ལག་ལེན་དེ་མེད་